༉ ཤེས་ཡོན་སྤེལ་ནི་དང་ ལཱ་འབད་ཐངས་ཀྱི་ རིག་རྩལ་དང་ ལྕོགས་གྲུབ་ཡར་རྒྱས་གཏང་སྟེ་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ཐབས་ལུ་ དཔེ་སྟོན་དང་འདྲཝ་སྦེ་ མོང་སྒར་ སི་ལམ་སྦིས་སྤྱི་འོག་གི་ གཡུས་ཚན་ཅིག་ནང་ ཨ་ལཱན་ཅི་གི་ལྕངམ་ཚུ་ འཛུགས་སྐྱོང་འབད་དེ་འདུག།
སི་ལམ་སྦིས་སྤྱི་འོག་གི་ མི་སེར་ཚུ་ ད་ལྟོ་ཚུན་ ལོ་ཐོག་གཙོ་བོ་ གེ་ཟ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ་ལས་ ལོ་༥ འི་ཧེ་མ་ལས་ གཡུས་ཚན་ནང་ སོ་ནམ་ཞིང་ལམ་ལྷོད་རུང་ སོ་ནམ་པའི་ ལཱ་གི་གནས་ཚད་ལུ་ བསྒྱུར་བཅོས་མེད་པར་ ཨ་རྟག་ག་ཨིནམ་སྦེ་ར་ མཐོང་ཚུགསཔ་ཨིན་པས།
ཨིན་རུང་ གཡུས་མི་ལ་ལོ་ཅིག་གིས་ དངུལ་གྱི་འོང་འབབ་བཟོ་ཐབས་ལུ་ ཚོད་བསྲེ་ལྡུམ་རའི་ ལཱ་འགོ་བཙུགས་མི་དེ་ རྒེད་འོག་ནང་ སོ་ནམ་རྒྱ་བསྐྱེད་ཡིག་ཚང་སྒོ་ཕྱེ་བའི་ཤུལ་ལས་ སོ་ནམ་གྱི་ལཱ་འབད་ཐངས་ལུ་ བསྒྱུར་བཅོས་སོང་ཡོདཔ་ཨིན་པས།
སི་ལམ་སྦིས་སྤྱི་འོག་གི་ ཚོགས་པ་བགྲེསཔ་ཅིག་ཨིན་མི་ ལས་སྐྱིད་མཁའ་འགྲོ་གིས་ སྤྱི་ལོ་༢༠༡༦ ལུ་ ལོ་བསྟར་བཞིན་དུ་ བཟའ་སྤྱོད་འབད་མི་ སྐམ་ཞིང་ཨེ་ཀར་༡ མ་ལངམ་ཅིག་ནང་ ཀེ་བ་འཛུགས་སྐྱོང་འབད་མི་གིས་ འོང་འབབ་དུམ་གྲ་ཅིག་ བཟོ་བའི་ཤུལ་ལས་ དུས་ཅི་ གཡུས་མི་ལེ་ཤ་ཅིག་གིས་ ཀེ་བ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཏེ་འདུག།
ལྷག་པར་དུ་ སྤྱི་ལོ་༢༠༡༤ ལུ་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་ པདྨ་རྡོ་རྗེ་གིས་ སྤྱི་ལོ་༢༠༡༥ ལུ་ ཨ་ལཱན་ཅི་གི་ལྕངམ་༡༥༠༠༠ དེ་ཅིག་ ཆུ་ཁ་རྫོང་ཁག་ལས་ མཁོ་སྒྲུབ་འབད་ཞིནམ་ལས་ བཟའ་ཚང་གི་ བདག་དབང་ལུ་ཡོད་པའི་ ས་ཆ་ཨེ་ཀར་༡ ལྷགཔ་ཅིག་ནང་ ལྕངམ་ཚུ་ འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༢༧ ལང་མི་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ མཐོ་རིམ་སློབ་གྲྭ་མཇུག་བསྡུ་བའི་ཤུལ་ལས་ སོ་ནམ་དང་འབྲེལ་བའི་ ཚོང་ལཱ་འབད་ནི་ལུ་ གདམ་ཁ་རྐྱབ་མི་དེ་ མཐའ་ཟུར་གྱི་གཡུས་ཚན་ཚུ་ནང་ ལཱ་འབད་ནིའི་ས་ཆ་དང་ མཐུན་རྐྱེན་ཚུ་ ལངམ་སྦེ་ཡོད་རུང་ མི་སེར་ཚུ་གི་རྒྱུད་ལུ་ ཡོན་ཏན་དང་རིག་རྩལ་ཆུང་སོཔ་ལས་ གོང་འཕེལ་འགྱོ་མ་ཚུགས་པར་ དེ་སྦེ་ར་ ལུས་ཡོདཔ་མཐོང་ནི་དེ་གིས་ ཨིན་ཟེར་ཨིན་པས།
དེ་འབདཝ་ལས་ སོ་ནམ་པ་ཚུ་ལུ་ རྒྱབ་སྐྱོར་བཟུམ་ཅིག་སྦེ་ སོ་ནམ་དང་འབྲེལ་བའི་ ཚོང་ལཱ་འབད་ནི་ འགོ་བཙུགས་མི་དང་འབྲེལ་ ལོ་༢ ཀྱི་ཧེ་མར་ བཟའ་ཚང་མཐུན་ལམ་སོ་ནམ་ཟེར་མི་ཅིག་ གཞི་བཙུགས་འབད་དེ་ ཨ་ལཱན་ཅི་གི་ ལྕངམ་འཛུགས་སྐྱོང་འབད་ཡི་ཟེར་ཨིན་པས།
པདྨ་རྡོ་རྗེ་གིས་འབད་བ་ཅིན་ ཚོང་ལཱ་འགོ་བཙུགས་པའི་སྐབས་ ཕམ་དང་ སྤུན་ཆ་ཚུ་གིས་ རྒྱབ་སྐྱོར་འབད་མ་བཏུབ་རུང་ ཐབས་ཤེས་ཀྱི་སྒོ་ལས་ ལཱ་འབད་མི་ལུ་བརྟེན་ ད་རེས་ནངས་པར་ ཕམ་ཚུ་གིས་ཡང་ རྒྱབ་སྐྱོར་འབད་ཡོདཔ་ལས་ མནོ་དོན་འགྲུབ་རན་ཁར་ལྷོད་དེ་ཡོད་ཟེར་ ཨིན་པས།
འགོ་ཐོག་ལུ་ ཁོ་རའི་སྤུན་ཆ་ནང་འཁོད་ལུ་ ཨ་ལཱན་ཅི་གི་ ལྕངམ་འཛུགས་སྐྱོང་འབད་དེ་ དུས་ཅི་ འོང་འབབ་བཟོ་ནི་ཡང་ འགོ་བཙུགས་ཡོདཔ་ལས་ ད་རེས་ནངས་པར་ གཡུས་མི་ཚུ་གིས་ ལྕངམ་ཚུ་ཉོ་སྟེ་ ས་ཆ་སྟོངམ་ཚུ་ནང་ འཛུགས་སྐྱོང་འབད་ནི་ལུ་ སྤྲོ་བ་ལེན་དོ་ཡོདཔ་ཨིན་པས།
ད་རེས་ ལྕངམ་གི་ རྩ་བོ་རེ་ལས་ ལྕངམ་ལེ་ཤ་སྦེ་ སྐྱེ་བའི་བསྒང་ཡོདཔ་མ་ཚད་ དོག་མ་ཡང་བཏགས་དོ་ཡོདཔ་ད་ ཁོ་གིས་ མོང་སྒར་དང་ གཞན་རྫོང་ཁག་ཚུ་ལས་ཕར་ ལྕངམ་བཀྲམ་སྤེལ་འབད་དོ་ཡོད་མི་གིས་ ད་ལྟོ་ཚུན་ འོང་འབབ་དངུལ་ཀྲམ་༣༠,༠༠༠ ལྷགཔ་ཅིག་ བཟོ་ཚུགསཔ་མ་ཚད་ ད་རུང་ ལྕངམ་ལེ་ཤ་ཡོདཔ་ཨིན་པས།
ལོ་༢ ལང་མི་ ཨ་ལཱན་ཅི་གི་ ལྕངམ་ཚུ་ལས་ དོག་མ་བཏགས་མི་ཚུ་ ལོ་༡ གི་རྒྱབ་ལས་ ཚོང་བསྒྱུར་འཐབ་ཚུགས་ནི་ཨིནམ་ལས་ པདྨ་རྡོ་རྗེ་གིས་ ལས་འགུལ་འགོ་བཙུགས་མི་དེ་ སི་ལམ་སྦིས་རྒེད་འོག་གི་ མི་སེར་ཚུ་གི་དོན་ལུ་ དཔེ་བལྟ་སའི་ གཞི་ཅིག་ལུ་གྱུར་ཡོདཔ་ཨིན་པས།
ལས་འགུལ་གཞི་བཙུགས་འབད་མི་གིས་ ད་རེས་ནངས་པར་ གཡུས་མི་ཚུ་ལུ་ ལྕངམ་བཀྲམ་སྤེལ་འབད་དོ་ཡོད་པའི་ཁར་ ལྕངམ་འཛུགས་སྐྱོང་འབད་མི་དེ་ བདག་འཛིན་འབད་ཐངས་ཀྱི་ རིག་རྩལ་ཚུ་ཡང་ པདྨ་རྡོ་རྗེ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ཨ་ལོ་༣ གྱི་ཨ་པ་ ལས་སྐྱིད་མཁའ་འགྲོ་གིས་ སླབ་མི་དང་འཁྲིལཝ་ད་ ཨ་ལཱན་ཅི་ལྡུམ་ར་ནང་ ལཱ་འབད་ནིའི་དོན་ལུ་ མི་༣༠ དེ་ཅིག་གིས་ ཉིནམ་༡ ནང་ ལཱ་འབད་ཚར་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ ལས་མི་ཚུ་ལུ་ ཉིན་བསྟར་གྱི་ གླ་ཆ་དངུལ་ཀྲམ་༣༠༠ རེ་སྤྲོད་དགོ་པའི་ཁར་ ཉིན་མའི་བཞེས་སྒོ་ཡང་ བྱིན་དགོ་ཟེར་ཨིན་པས།
འོང་འབབ་ཀྱི་དོན་ལུ་ བཟའ་ཚང་ནང་སྦེ་ འགོ་འདྲེན་འཐབ་སར་ མཐོང་ཡོདཔ་བཞིན་དུ་ ད་རེས་ནངས་པར་ ལྕངམ་ཚུ་བཙོང་སྟེ་ དངུལ་གྱི་འོང་འབབ་ཡང་ བཟོ་དོ་ཡོདཔ་ལས་ མ་འོངས་པའི་ནང་ ཁོ་རའི་ཞིང་ནང་ཡང་ འཛུགས་སྐྱོང་འབད་ནིའི་ འཆར་གཞི་ཡོད་ཟེར་ ལཱ་འབད་བར་འོང་མི་ ཀུན་བཟང་ཚེ་རིང་གིས་ སླབ་ཨིན་པས།
སྐྱེས་ལོ་༣༥ ལང་མི་ སེངྒེ་དབང་མོ་གིས་འབད་རུང་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ པདྨ་རྡོ་རྗེ་གིས་ རིག་པ་གསརཔ་གི་ཐོག་ལས་ སོ་ནམ་གྱི་ལཱ་འབད་མི་དེ་ ཐད་ཀར་དུ་ གཡུས་མི་ཚུ་ལུ་ ཁེ་ཕན་བྱུང་དོ་ཡོདཔ་ལས་ བཀྲིན་དགའ་ཚོར་ཡོད་ཟེར་ཨིན་པས།
ལྷག་པར་དུ་ པདྨ་རྡོ་རྗེ་གིས་ མི་སེར་ཚུ་ལུ་ ས་ཆ་བཟའ་སྤྱོད་འབད་ཐངས་ཀྱི་ གོ་བ་བརྡ་སྤྲོད་འབད་བའི་ཁར་ ལཱ་འབད་ཐངས་ཀྱི་ སྦྱོང་བརྡར་ཚུ་ཡང་ བྱིན་དོ་ཡོདཔ་ལས་ མི་སེར་ཚུ་གིས་ ལྕོགས་གྲུབ་དང་ ཉམས་མྱོང་ལེགས་ཤོམ་ཐོབ་མི་གིས་ ཕན་རླབས་བྱུང་སྟེ་ཡོད་ཟེར་ མི་སེར་ཚུ་གིས་ བསམ་འཆར་བཤདཔ་ཨིན་པས།
ཨ་ལོ་༡ གི་ཨ་པ་ པདྨ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཡུས་ཁ་ལས་ཐོན་སྐྱེད་འབད་མི་ ཚོད་བསྲེ་དང་ ཀེ་བ་ཚུ་ གོང་ཚད་རན་ཏོག་ཏོ་གི་ཐོག་ལས་ ཉོ་སྟེ་ བཀྲིས་སྒང་བཀང་ལུང་ལུ་འབག་ཞིནམ་ལས་ བཙོང་མི་དེ་ མཐའ་ཟུར་གྱི་མི་སེར་ཚུ་ལུ་ རྒྱབ་སྐྱོར་འབད་བའི་ཁར་ ལམ་སྟོན་བཟུམ་ཅིག་སྦེ་ འགོ་འདྲེན་འཐབ་དོ་ཟེར་ ཨིན་པས།
གཞུང་གིས་ སོ་ནམ་གྱི་ ལཱ་འབད་བཅུག་ནི་ལུ་ ཐབས་དང་རིག་པའི་སྒོ་ལས་ རྒྱབ་སྐྱོར་གནང་ཡོད་རུང་ ཚོད་བསྲེའི་ཐོན་སྐྱེད་ཚུ་ བཙོང་སའི་ས་གོ་མེད་པར་ གྱོང་རྒུད་ཕོག་དོ་ཡོདཔ་ལས་ གཞུང་གིས་ བཙོང་ནིའི་དོན་ལུ་ཡང་ གནས་སྐབས་གཞན་ཅིག་ཡང་ སྟོན་གནང་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།
མོང་སྒརལས་ བཀྲིས་ཕུན་ཚོགས།