སི་ལམ་སྦིས་ཀྱི་ སོ་ནམ་པ་ཚུ་གིས་ གེ་ཟ་ཞིང་ནང་ ཧོན་ལྡུམ་ཚུ་ ར་འབལ་བཏང་པའི་བསྒང་།

སི་ལམ་སྦིས་མི་སེར་ཚུ་གིས་ སོ་ནམ་གྱི་ལཱ་འབད་ནི་ལུ་ བརྩོན་ཤུགས།

༉ ད་རེས་ནངས་པར་ སི་ལམ་སྦིས་རྒེད་འོག་གི་ མི་སེར་སོ་ནམ་པ་ཚུ་གིས་ ཨ་རྟག་དང་མ་འདྲ་བའི་ དངུལ་ཐོག་གི་ ལཱ་འབད་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོད་པའི་ མཐོང་གསལ་བྱུང་མི་དེ་ཡང་ ཧེ་མ་བཟུམ་སྦེ་ བདུན་ཕྲག་ལས་བཅད་དེ་ ལམ་འགྱོ་དགོཔ་མེད་མི་ལུ་བརྟེན་ཨིན་པས།
འཚོ་བ་སོ་ནམ་ལུ་བརྟེན་སྡོད་མི་ མཐའ་ཟུར་གྱི་མི་སེར་ཚུ་ ཧེ་མ་འབད་བ་ཅིན་ ད་རིས་ཟནི་ ནངས་པར་ཟ་ནི་མེད་པའི་དཀའ་སྡུག་སྦོམ་བྱུང་མི་དེ་ཡང་ གཙོ་བོ་ རྒེད་འོག་ནང་ འཁོར་ལམ་མེདཔ་ལས་ རྒེད་འོག་གི་ མི་སེར་ཚུ་ བཟའ་འཐུང་མཁོ་སྒྲུབ་འབད་ནིའི་དོན་ལུ་ མོང་སྒར་ཁྲོམ་དང་ རྒྱལ་པོའི་ཞིང་ཁྲོམ་ དེ་ལས་ པདྨ་དགའ་ཚལ་ ངང་ལམ་ཚུ་ནང་ འགྱོ་དགོ་ནི་དེ་གིས་ཨིན་པས།
བཟའ་འཐུང་མཁོ་སྒྲུབ་འབད་བར་འགྱོ་མི་ཚུ་ ལོག་གཡུས་ཁར་ལྷོད་ནི་ལུ་ བདུན་ཕྲག་ལྷགཔ་ཅིག་ འགོར་མི་དེ་ཡང་ རྟ་ལམ་བརྒྱུད་དེ་ ངང་ལམ་ལུ་ འགྱོ་དགོ་པ་ཅིན་ ཉིན་གྲངས་༣ དང་༤ དེ་ཅིག་ འགོར་དོ་ཡོདཔ་མ་ཚད་ མོང་སྒར་ཁ་ཐུག་ལུ་ འགྱོ་དགོ་རུང་ ཉིནམ་༣ ལྷགཔ་ཅིག་ འགོར་ནི་དེ་གིས་ཨིན་པས།
དངུལ་ཐོག་ཚལ་ལུ་དང་ འཚོ་བ་གེ་ཟ་ལུ་བརྟེན་སྡོད་མི་ སོ་ནམ་པ་ཚུ་ དཀའ་སྡུག་བྱུང་བའི་མཐའ་མར་ རྒྱལ་ཁབ་གོང་འཕེལ་གྱི་ འགྱུར་བ་དང་བསྟུན་ འདས་པའི་ཟླཝ་ཚུ་ནང་ རྒེད་འོག་ལྟེ་བའི་འཁོར་ལམ་ལྷོད་པའི་ཁར་ ཝེ་རིང་ལ་དྲུང་ཁག་དང་གཅིག་ཁར་ཡང་ འཁོར་ལམ་མཐུད་སྦྲེལ་འབད་ཚུགས་ནི་དེ་གིས་ མི་སྡེའི་གནས་སྟངས་ལུ་ བསྒྱུར་བཅོས་སོང་ནུག།
ན་སྒོར་སྤང་ལས་ ཨ་ལོ་༥ གི་ཨའི་ ཡེ་ཤེས་མོ་དང་ ཤེས་རབ་བཟའ་ཚང་༢ ཀྱིས་ གླང་དོ་༡ དེ་ཅིག་ནང་ གེ་ཟ་བཏབ་བཞག་མིའི་ནང་ སྲནམ་ཅུམ་འཛུགས་སྐྱོང་འབད་མི་དེ་ ཁོང་རའི་ སོ་ནམ་པའི་མི་ཚེ་ནང་ ཚོང་འབྲེལ་གྱི་དོན་ལུ་ འགོ་དང་པ་ཨིན་པས།
ཁོང་བཟའ་ཚང་༢ ཀྱིས་ སླབ་མིའི་ནང་ དུས་ཅི་ སྣུམ་འཁོར་ལམ་དེ་ ཁྱིམ་གྱི་སྒོ་ཁ་ཚུན་ ལྷོད་མི་དང་བསྟུན་ འོང་འབབ་བཟོ་ཐབས་ལུ་ ཧེ་མ་བཟའ་སྤྱོད་འབད་མ་ཚུགས་པར་ སྟོངམ་སྦེ་བཞག་མི་ཚུ་ཡང་ རྩ་འགེངས་ཏེ་ གེ་ཟ་དང་ ཚོད་བསྲེ་ཚུ་ འཛུགས་སྐྱོང་འབད་དེ་ཡོད་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ སོ་ནམ་གྱི་ལཱ་འབད་མི་ལས་ ཚོང་འབྲེལ་གྱི་དོན་ལུ་ ལཱ་འབད་མི་དེ་ འགོ་དང་པ་ཨིན་པའི་ཁར་ ཚོད་བསྲེ་དང་ འབྲུ་སྣའི་རིགས་བཏབ་ནིའི་དོན་ལུ་ མོ་བཏབ་བཟུམ་སྦེ་ འཛུགས་སྐྱོང་འབད་ཡོདཔ་སྦེ་ ཨིན་པས།
སྐྱེས་ལོ་༣༠ ལང་མི་ ཚེ་དབང་རྒྱལམོ་གིས་ སླབ་མིའི་ནང་ སང་ཕོད་ལས་འགོ་བཙུགས་ ས་ཞིང་ནང་ ཀེ་བ་དང་ ཚོད་བསྲེའི་རིགས་ཚུ་ འཛུགས་སྐྱོང་འབད་ནི་ཟེར་མི་ དེ་ཡང་ འཁོར་ལམ་ལུ་བརྟེན་ མོང་སྒར་ཁྲོམ་དང་ བུམ་ཐང་ དེ་ལས་ ངང་ལམ་ཚུ་ནང་ཡང་ འཇམ་ཏོང་ཏོ་སྦེ་ བཙོང་ཚུགས་པའི་འོས་འབབ་ ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
རྒྱལམོ་ལྷ་མོ་གིས་ རྒེད་འོག་ལྟེ་བའི་ ཡིག་ཚང་སྦོ་ལོགས་ཁར་ ཚོང་ཁང་བཙུགས་ཡོདཔ་ད་ དེ་ཡང་ སྣུམ་འཁོར་ལམ་ལྷོད་པའི་ཤུལ་ལས་ བཟའ་འཐུང་རིགས་དང་ བཀབ་གོ་ལ་ཚུ་ བཙོང་ནིའི་དོན་ལུ་ སྦ་སྒོར་བཟོ་སྟེ་ཡོདཔ་ཨིན་པས།
རྒྱལམོ་ལྷ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་ནང་ ཚོང་ཁང་བཙུགས་ནི་དེ་ དོ་འགྲན་འདུག་ཟེར་ཨིནམ་ད་ དེ་ཡང་ རྒེད་འོག་ལྟེ་བའི་ ནང་འཁོད་ལུ་ར་ ཚོང་ཁང་གསརཔ་༤ དེ་ཅིག་ བཙུགས་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ གློག་མེ་མ་ལྷོད་རུང་ སྣུམ་འཁོར་ལམ་གྱི་ཐད་ཁར་ མེད་ཐབས་མེདཔ་ཅིག་ཨིན་ཟེར་ཨིནམ་ད་ དེ་ཡང་ གཡུས་ཚན་ནང་ ན་ཚ་བྱུང་མི་ཚུ་ཡང་ ཉིནམ་༣ དང་༤ གི་བར་ན་ སྒལ་ཏོ་ཁར་འབག་སྟེ་ ལམ་འགྱོ་བའི་སྐབས་ སྨན་ཁང་ནང་མ་ལྷོདཔ་ལས་ ཤི་རྐྱེན་བྱུང་མི་ ལེ་ཤ་ཡོདཔ་མ་ཚད་ གཡུས་ཁ་ལས་ ཐོན་སྐྱེད་འབད་མི་ ཚོད་བསྲེ་ཚུ་ཡང་ དེ་འཕྲོ་ལས་ ཁྲོམ་ཁར་འབག་སྟེ་ བཙོང་ཚུགས་པའི་ འོས་འབབ་དང་བསྟུན་ ཁེ་ཕན་བྱུང་ཡི་ཟེར་ཨིན་པས།
ལྷག་པར་དུ་ གཡུས་མི་ཚུ་གིས་ སྣུམ་འཁོར་ལམ་ལྷོད་མི་དང་བསྟུན་ ལཱ་གཡོག་གི་ གོ་སྐབས་འཚོལ་ཏེ་ བཟའ་ཚང་ཚུ་ གསོ་ཚུགསཔ་མ་ཚད་ དཔལ་འབྱོར་གོང་འཕེལ་ཡང་ ལེ་ཤ་གིས་ ཡར་དྲག་སོང་ཡོདཔ་མ་ཚད་ དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ ད་ལས་ཕར་ ལས་འགུལ་དང་ ལས་རིམ་ཚུ་ཡང་ གང་དྲག་བརྩམ་གནང་བའི་ རེ་བ་ཡོད་ཟེར་ སོ་ནམ་པ་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *