༉ མོང་སྒར་རྫོང་ཁག་གི་ མཐའ་ཟུར་རྒེད་འོག་ཅིག་ཨིན་མི་ སི་ལམ་སྦིས་རྒེད་འོག་ལྟེ་བའི་ འཁོར་ལམ་དེ་ རྒེད་འོག་གཞན་ཚུ་བཟུམ་སྦེ་ར་ རྩི་ནག་གཏང་ནི་འགོ་བཙུགས་ཚུགས་པ་ཅིན་ དཔལ་འབྱོར་ཡར་དྲག་འགྱོ་ནིའི་ གོ་སྐབས་སྦོམ་སྦེ་ར་འདུག།
མ་གཞི་ རྒེད་འོག་ལྟེ་བའི་འཁོར་ལམ་དེ་ སྤྱི་ལོ་༢༠༡༦ རྫོགས་ཁམས་ལུ་ ལམ་སེལ་ལས་ཁུངས་ཀྱིས་ སེལ་ཚར་ཏེ་ རྒེད་འོག་ལུ་ རྩིས་སྤྲོད་འབད་ཡོདཔ་བཞིན་དུ་ གཡུས་མི་ལེ་ཤ་ཅིག་གིས་ འོང་འབབ་བཟོ་དོན་ལུ་ སྣུམ་འཁོར་བོ་ལི་རོ་དང་ ཚོང་ཁང་ཚུ་ གཞི་བཙུགས་འབད་དེ་འདུག།
ད་རེས་ནངས་པར་ ཆརཔ་རྐྱབ་མི་དེ་གིས་ རྒེད་འོག་དང་ སྤྱི་འོག་གི་བར་ན་ འཁོར་ལམ་ཁག་མང་རབས་ཅིག་ འཕྱགས་བདའ་བའི་ཁར་ ཆུ་རུད་དང་ ས་རུད་ཆད་མི་ལུ་བརྟེན་ མི་སེར་དང་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་འདུག།
སྐྱེས་ལོ་༢༩ ལང་མི་ སྐལ་བཟང་རྒྱ་མཚོ་གིས་ སླབ་མིའི་ནང་ དག་དང་ ན་སྒོར་གི་བར་ན་ ལམ་ཆད་མི་དང་ བསུབས་མི་ལུ་བརྟེན་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ བདུན་ཕྲག་༡ གི་ཧེ་མ་ལས་ མོང་སྒར་ཁྲོམ་ནང་ ལཱ་ག་ནི་ཡང་ འབད་མ་ཚུགས་པར་ཡོད་ཟེར་ཨིན་པས།
སྐལ་བཟང་རྒྱ་མཚོ་གིས་ དུས་ཅི་ ལོ་གསརཔ་འགོ་བཙུགས་པའི་སྐབས་ དངུལ་ཁང་ཚུ་ནང་ལས་ བསྐྱིན་འགྲུལ་ཞུ་སྟེ་ སྣུམ་འཁོར་བོ་ལི་རོ་མཁོ་སྒྲུབ་འབད་དེ་ ཟླ་ངོ་༥ གི་རིང་ འོང་འབབ་དུམ་གྲ་རེ་ བཟོ་ཡོདཔ་ཨིན་པས།
ཨིན་རུང་ འཁོར་ལམ་དེ་ དང་པ་ རྩི་ནག་མ་གཏང་པའི་ཁར་ གཉིས་པ་ཟེརཝ་ད་ རྩི་ནག་གཏང་ནིའི་དོན་ལུ་ གཞི་འགྱམ་ཡང་ སྙོམས་ཏོག་ཏོ་མེདཔ་ལས་ ཅ་ཆས་ཚུ་ ཕར་ཚུར་སྐྱེལ་འདྲེན་འབད་བའི་སྐབས་ སྣུམ་འཁོར་ཉོ་སྟེ་ ལོ་མ་ལངམ་ལས་ར་ མེདཔ་ཐལ་ཏེ་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
ཨ་ལོ་༤ ཡོད་མི་ སྐལ་བཟང་རྒྱ་མཚོ་གིས་ སླབ་མིའི་ནང་ གཞན་རྒེད་འོག་ཚུ་བཟུམ་སྦེ་ རྩི་ནག་བཏང་མ་ཚུགས་རུང་ སི་ལམ་སྦིས་རྒེད་འོག་གི་འཁོར་ལམ་ ཉམས་བཅོས་འབད་དེ་ འཁོར་ལམ་སྙོམས་ཏོག་ཏོ་བཟོ་གནང་པ་ཅིན་ གནམ་བྱཱར་དགུན་མེད་པར་ མི་སེར་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་དེ་ འོང་འབབ་བཟོ་ནིའི་ལཱ་ཚུ་ འབད་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པས།
འཁོར་ལམ་འདམ་ཁོག་ཁོ་སྦེ་ཡོད་ནི་དེ་གིས་ སྣུམ་འཁོར་ནང་ མི་དང་ ཅ་ཆས་ཚུ་བཙུགས་ཏེ་ ཕར་ཚུར་རྒྱུན་འགྲུལ་འབད་མ་ཚུགསཔ་ལས་ ཟླ་རིམ་བཞིན་དུ་ དངུལ་ཁང་ནང་ སྐྱིན་ཚབ་དངུལ་ཀྲམ་༡༥,༠༠༠ རེ་བཏབ་དགོ་མི་དེ་ ད་རེས་ཀྱི་ཟླཝ་ནང་ བཏབ་མི་ཚུགས་ནི་མས་ཟེར་ སླབ་ཨིན་པས།
རྒེད་འོག་ལྟེ་བའི་ ཡིག་ཚང་སྦོ་ལོགས་ཁར་ ཚོང་ཁང་བཙུགས་སྡོད་མི་ མགོནམ་ལྷ་མོ་གིས་ སླབ་མིའི་ནང་ འཁོར་ལམ་རྩི་ནག་གཏང་ཚུགས་པ་ཅིན་ མོང་སྒར་དང་ རྒྱལ་པོའི་ཞིང་ དེ་ལས་ ངང་ལམ་ཁྲོམ་ཚུ་གི་ ལམ་ཆད་ནི་དང་ འཕྱག་བདའ་བའི་ ཚ་གྱང་མེདཔ་ལས་ བཟའ་འཐུང་རིགས་དང་ བཀབ་གོ་ལ་ཚུ་ འབག་འོང་ཚུགས་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ འཁོར་ལམ་དེ་ རྩི་ནག་གཏང་ནིའི་ ལོ་རྒྱུས་མེདཔ་ལས་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་༦ གི་ཟད་འགྲོ་གཏང་ནི་དང་ ཚོང་གི་ཅ་ཆས་ཚུ་ རྫོགས་རན་ཁར་ལྷོད་ཡོདཔ་ལས་ ཚོང་འབྲེལ་འཐབ་ནིའི་ དམིགས་དོན་འགྲུབ་ཚུགས་ནི་ལུ་ དོ་འགྲན་འབྱུང་ནི་མས་ཟེར་ཨིན་པས།
རྒེད་འོག་གི་རྒཔོ་ རྡོ་རྗེ་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ ད་ལྟོ་ རྒེད་འོག་ལྟེ་བའི་འཁོར་ལམ་ལྷོད་དེ་ ཟླ་ངོ་༦ ལས་བརྒལ་ མ་ལང་པའི་ཁར་ ལམ་དེ་ཡང་ ལམ་ཐག་རིང་ས་ལས་ སེལ་ཡོདཔ་ལས་ འཕྲལ་འཕྲལ་ར་ ལམ་བསུབས་ནི་དང་ ཆད་པའི་དཀའ་ངལ་ བྱུངམ་མས་ཟེར་ཨིན་པས།
མ་གཞི་ གཞུང་གིས་ འཁོར་ལམ་རྩི་ནག་གཏང་དགོ་རུང་ གྱང་རྩིག་ཚུ་ བཟོ་སྐྲུན་འབད་ཡོདཔ་ལས་ བྱ་སྟབས་མ་བདེཝ་མེད་རུང་ དེ་འཕྲོ་ལས་ རྩི་ནག་གཏང་ནི་ལུ་ གཞུང་གི་ཧོངས་ལས་ མ་དངུལ་འཚོལ་བའི་བསྒང་ཡོད་ཟེར་ཨིན་པས།
གླིང་མི་ཐང་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ལས་ བཟོ་རིག་འགོ་དཔོན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལམ་ཆད་མི་དང་ བསུབས་མི་ཚུ་ སེལ་ནིའི་དོན་ལུ་ ས་རྐོ་འཕྲུལ་ཆས་ ཨེགསི་ཀེ་བེ་ཊར་ཅིག་ བཙུགས་ཏེ་ཡོད་ཟེར་ཨིན་པས།
གཞུང་གིས་ རྒེད་འོག་ལྟེ་བའི་ལམ་ རྩི་ནག་གཏང་ནིའི་དོན་ལུ་ མ་དངུལ་མ་གནང་མི་དེ་ཡང་ ལམ་སེལ་ཚར་ཏེ་ ཟླཝ་དག་པ་ཅིག་ལས་བརྒལ་མ་ལངམ་ལས་ ལམ་བརྟན་ཏོག་ཏོ་མ་འགྱོ་མི་དང་ རྩི་ནག་དེ་ཡང་ ས་གླིང་རྒེད་འོག་ སྨན་ཆུ་སྒང་ལས་ འཕྲོ་མཐུད་དེ་ གཏང་དགོ་ནི་དེ་གིས་ ཨིནམ་འོང་ཟེར་ཨིན་པས།
ཨིན་རུང་ སྨན་ཆུ་སྒང་ལས་ འགོ་བཙུགས་ཏེ་ ལམ་གྱི་གཞི་འགྱམ་སྒྲིང་སྒྲི་བཟོ་ཐབས་ལུ་ བཟོ་སྐྲུན་འབད་ནིའི་ལཱ་ཚུ་ འགོ་བཙུགས་ནི་ཟེར་ཨིནམ་ད་ དེའི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༤ དེ་ཅིག་ ཡོདཔ་ཨིན་པས།
མོང་སྒར་ལས་ སི་ལམ་སྦིས་རྒེད་འོག་ཚུན་ ཀི་ལོ་མི་ཊར་༡༠༨ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།