ལ་ཆུང་པ་སི་ཀིམ་སྡེ་ཚན་གྱི་མདའ་རྩེདཔ་ རྒྱལ་མཚན་ལ་ཆུང་པ་གིས་ ཚ་གཏད་པའི་བསྒང་།

སི་ཀིམ་གྱི་ མདའ་རྩེདཔ་གིས་ འབྲུག་མི་ཚུ་ལུ་ ཡ་མཚན་ཆེ་བའི་ ཚོར་སྣང་བྱུང་བཅུག་ཡོདཔ།

༉ ད་རེས་ནངས་པར་ ལུང་ཕྱོགས་ཁག་༣ སྦེ་དབྱེ་སྟེ་ འབྲུག་མདའ་རྩེད་ལིག་འགྲན་བསྡུར་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༥ ལུ་ བཀྲིས་སྒང་ལུ་ ལིག་འགྲན་བསྡུར་སྐབས་ སི་ཀིམ་ (འབྲས་ལྗོངས) ལས་མདའ་རྩེདཔ་ རྒྱལ་མཚན་ལ་ཆུང་པ་གིས་ བཀག་རེག་གཅིག་ཤུལ་གཉིས་ཤུལ་སྦེ་ རྐྱབ་མི་ལུ་བརྟེན་ མདའ་རྩེད་ལུ་ སྤྲོ་བ་སྦོམ་ཡོད་མི་ འབྲུག་མི་ཚུ་ ཧ་ལས་དགོཔ་བྱུང་ནུག།
ཉིནམ་དེ་ནང་ རྒྱལ་མཚན་ལ་ཆུང་པ་གིས་ བཀག་རེག་༢༠ ཕོག་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༣ ལུ་ རྩེད་འགྲན་དང་པའི་ནང་ ཁོ་གིས་ བཀག་རེག་༡༩ ཕོག་མི་དང་ཕྱདཔ་ད་ བཀག་རེག་༡ ཐེབས་ཕོག་ཡོདཔ་ད་ རྩེད་འགྲན་སྐབས་ ཁོ་གིས་ རྡོ་སྦྱེལ་༦ ཕོག་ཡོདཔ་ཨིན་པས།
ཁོ་གི་སྡེ་ཚན་ ལ་ཆུང་པ་སི་ཀིམ་གྱིས་ སྦྱེལཝ་སྦྱེལ་ས་ སྐུགས་༤ ཆོད་ཡོདཔ་མ་ཚད་ བཀག་རེག་བསྡོམས་༤༩ ཕོག་ཐོག་ལས་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལས་ སྡེ་ཚན་༢ ཕམ་བཏང་ཡོདཔ་ད་ ད་ཚུན་གྱི་བར་ན་ སྡེ་ཚན་ལས་ རྒྱལ་ཁ་ཐོབ་ལས་ ཟླཝ་འདི་གི་ ཟླ་མཇུག་ཁམས་ཅིག་ཁར་ འགོ་བཙུགས་ནི་ཨིན་མི་ ནོག་ཨའུཊ་འགྲན་བསྡུར་ནང་ ལྷོད་ཡོདཔ་ཨིན་པས།
རྒྱལ་མཚན་ལ་ཆུང་པའི་ སྡེ་ཚན་ནང་ སི་ཀིམ་ལས་ མདའ་རྩེདཔ་ཁོ་ར་རྐྱངམ་གཅིག་ཨིནམ་ལས་ མདའ་རྩེདཔ་མཉམ་རོགས་༤ པོ་དེ་ འབྲུག་མི་ཨིནམ་ད་ ང་བཅས་བཟའ་ཚང་ཅིག་གི་ ནང་མི་བཟུམ་སྦེ་ གྱུར་ཡོདཔ་མ་ཚད་ མདའ་རྩེད་ལུ་ དག་སྣང་སྦོམ་ཡོད་མི་ཅིག་ཨིན་ཟེར་ སྐྱེས་ལོ་༤༣ ལང་མི་ སི་ཀིམ་གྱི་ མདའ་རྩེདཔ་གིས་ བཤད་པའི་ཁར་ བཀྲིས་སྒང་ལུ་ མདའ་རྩེད་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་དེ་ ཐེངས་༢ པ་ཨིནམ་ལས་ ཁོ་རའི་གཡུས་ཁ་ལུ་ ལྷོད་དོ་བཟུམ་མའི་ ཚོར་སྣང་བྱུངམ་མས་ཟེར་ བཤདཔ་ཨིན་པས།
རྒྱལ་མཚན་ལ་ཆུང་པ་གིས་ སྤྱི་ལོ་༢༠༡༡ ལས་ཚུར་ རྫོང་ཁག་གཞན་ ཐིམ་ཕུག་དང་ སྤ་རོ་ ཕུན་ཚོགས་གླིང་ སྒོམ་ཀྲུ་ བསམ་རྩེ་ཚུ་ནང་ རྩེད་འགྲན་ཁག་མང་རབས་ཅིག་ནང་ བཅའ་མར་གཏོགས་ཡོདཔ་ད་ ཤུལ་མའི་ཟླཝ་ནང་ སི་ཀིམ་ལུ་ མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་ནིའི་ ལས་འཆར་ཡོདཔ་ལས་ དེ་ནང་ འབྲུག་གི་མདའ་རྩེདཔ་ཚུ་ མགྲོན་བརྡ་འབད་ནི་གི་ རེ་བ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།
མདའ་རྩེད་འགྲན་བསྡུར་དེ་ གཡང་འཕེལ་ལམ་ལུགས་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༢ ལས་ བཀྲིས་སྒང་ལུ་ འགོ་བཙུགས་མི་ མདའ་རྩེད་འགྲན་བསྡུར་ནང་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ སི་ཀིམ་ལས་ སྡེ་ཚན་༩ གིས་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ཨིན་པས།
དེ་ལས་ ཤར་ཕྱོགས་ལུང་ཕྱོགས་ མོང་སྒར་དང་ བསམ་གྲུབ་ལྗོངས་མཁར་ བཀྲིས་སྒང་འབདཝ་ད་ ལུང་ཕྱོགས་ཁག་༣ ནང་ མདའ་རྩེད་སྡེ་ཚན་༣༡ གིས་ ལིག་འགྲན་བསྡུར་ནང་ བཅའ་མར་གཏོགསཔ་པའི་བསྒང་ཨིན་པས།
རྫོང་ཁག་༣ ལས་ སྡེ་ཚན་དྲག་ཤོས་༦ བརྩིས་ཏེ་ སྡེ་ཚན་༢༡ གིས་ ནོག་ཨའུཊ་འགྲན་བསྡུར་ནང་ ལྷོད་ནི་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *