སཱག་གི་ དུས་དྲན་བརྩི་སྲུང་དོན་ལུ་ དཀར་མེ་སྟོང་མཆོད་ཕུལ་བའི་བསྒང་།

སཱག་ལུང་ཕྱོགས་མཉམ་འབྲེལ་ ལོ་ངོ་༣༣ འཁོར་བའི་ དུས་དྲན་བརྩི་སྲུང་།

༉ སཱག་ལུང་ཕྱོགས་མཉམ་འབྲེལ་ གཞི་བཙུགས་འབད་དེ་ ལོ་ངོ་༣༣ འཁོར་བའི་ དུས་དྲན་བརྩི་སྲུང་འབད་ནིའི་དོན་ལུ་ ཁ་ཙ་ ཐིམ་ཕུག་བཀྲིས་ཆོས་རྫོང་གི་ གུ་རུ་ལྷ་ཁང་ནང་སྦེ་ དཀར་མེ་སྟོང་མཆོད་ཕུལ་ཡི།
སྤྱི་ལོ་༡༩༨༥ ཟླ་༡༢ པའི་ཚེས་༨ ལུ་ སཱག་རྒྱལ་ཁབ་༧ གྱི་ དབུ་ཁྲིདཔ་ཚུ་གིས་ སཱག་བཀའ་ཁྲིམས་གུ་ མཚན་རྟགས་བཀོད་ཡོདཔ་ད་ ད་རེས་ དཀར་མེ་སྟོང་མཆོད་ཕུལ་མི་དེ་གིས་ སཱག་བཀའ་ཁྲིམས་ཀྱི་ དམིགས་དོན་ཚུ་ གྲུབ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ལྷོད་པའི་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།
སཱག་གིས་ འབྲུག་རྒྱལ་ཁབ་ཀྱི་ མི་སེར་ཚུ་གི་ སྤྱིར་བཏང་དཀའ་ངལ་དང་ གདོང་ལེན་ཚུ་ སེལ་ཐབས་ཀྱི་དོན་ལུ་ ལཱ་ཚུ་འཕྲོ་མཐུད་འབད་བའི་ཁར་ ལུང་ཕྱོགས་ནང་ ཞི་བདེ་གྲུབ་ཐབས་ཀྱི་ འགན་ཁུར་ཚུ་ གལ་གནད་ཅན་སྦེ་ འབག་སྟེ་ཡོད་ཟེར་ཨིན་པས།
ཕྱི་འབྲེལ་བློན་པོ་ དམ་ཆོས་རྡོ་རྗེ་གིས་ གསུངས་མིའི་ནང་ སྤྱི་ལོ་༢༠༡༧ ལུ་ སཱག་བྱ་རིམ་དེ་ ཡར་དྲག་སོང་སྟེ་ཡོད་ཟེར་ཨིནམ་ད་ དུས་ཅི་ སྤྱི་ཟླ་༦ པའི་ནང་ ནང་སྲིད་བློན་པོ་ ཀོ་ལོམ་བོ་ལུ་ ཕྱད་པའི་སྐབས་ དྲག་ཐོག་དབང་བཙོང་དང་ སྨྱོ་རྫས་ལག་ལེན་ ཞི་བདེ་ སྲུང་སྐྱོབ་ དེ་ལས་ སཱག་ལམ་ཡིག་དགོངས་ཡངས་ཚུ་ ཡར་དྲག་གཏང་ནི་སྦེ་ གྲོས་ཐག་བཅད་དེ་ ཡོད་ཟེར་ཨིན་པས།
དེ་མ་ཚད་ གསོ་བའི་བློན་པོ་དང་གཅིག་ཁར་ ཕྱད་པའི་སྐབས་ གསོ་རིག་ནང་ སྤུས་ཚད་ཅན་གྱི་ ཤེས་ཡོན་བྱིན་ནིའི་དོན་ལུ་ ཀོ་ལོམ་བོ་ལུ་ སཱག་གསོ་བའི་གཙུག་ལག་སློབ་སྡེ་ཅིག་ གཞི་བཙུགས་འབད་ནི་ལུ་ ངོས་ལེན་ཐོག་ གྲོས་ཐག་བཅད་དེ་ཡོད་ཟེར་ཨིནམ་ད་ འབྲུག་གིས་ དུས་ཅི་ ཞལ་འཛོམས་ཡང་ མང་རབས་ཅིག་ར་ འཚོགས་ཏེ་ཡོད་ཟེར་ཨིན་པས།
ཉིནམ་དེ་ཁར་ བློན་ཆེན་ཚེ་རིང་སྟོབས་ཀྱིས་ གསུང་འཕྲིན་གནང་མི་དང་འཁྲིལཝ་ད་ ལོ་ངོ་བཅུ་ཕྲག་༣ ལྷགཔ་ཅིག་གི་རིང་ སཱག་གིས་ གཏན་འཇགས་འབྲེལ་བ་འཐབ་ནི་དང་ མཉམ་འབྲེལ་བརྗེ་སོར་འབད་ནི་ལུ་ གཙོ་རིམ་གྱི་ ས་ཁོངས་ཚུ་ནང་ དོན་སྨིན་ཅན་གྱི་ གྲོས་གནས་ཚུ་ གནང་སྟེ་ཡོད་ཟེར་ཨིན་པས།
མི་སྡེ་དཔལ་འབྱོར་གོང་འཕེལ་ལས་སྡེ་འོག་གི་ འཕྲོ་མཐུད་འབྲེལ་གཏོགས་དེ་གིས་ གོ་རྟོགས་ཚུ་ ཡར་དྲག་བཏང་ཡོད་པའི་ཁར་ འབྲེལ་ཡོད་འགོ་དཔོན་དང་ འཐུས་མི་ཚུ་དང་གཅིག་ཁར་ཡང་ བཟའ་བཤེས་མཐུན་འབྲེལ་ཚུ་ བཟོ་སྟེ་ཡོད་ཟེར་ཨིན་པས།
བློན་ཆེན་གྱིས་ སཱག་གི་ བཀའ་ཁྲིམས་ཉིནམ་ལུ་ བཀའ་ཁྲིམས་ཀྱི་ འཆར་སྣང་དང་ གཞི་རྩ་ལུ་ འབྲུག་གི་ཁ་ཐུག་ལས་ སཱག་གི་འཐུས་མི་ཚུ་དང་གཅིག་ཁར་ ལཱ་འཕྲོ་མཐུད་འབད་ནི་ལུ་ ཁས་བླངས་འབད་ཡོད་ཟེར་ཨིན་པས།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ མ་གཞི་ སཱག་གཞི་བཙུགས་འབད་བའི་སྐབས་ མཉམ་འབྲེལ་ས་ཁོངས་ ཚད་ཅིག་ལས་བརྒལ་མེད་རུང་ ད་རེས་ ཚོང་འབྲེལ་དང་ དངུལ་འབྲེལ་ ནུས་ཤུགས་ སོ་ནམ་ དེ་ལས་ ཤེས་རིག་ལ་སོགས་པ་ཚུ་ནང་ ཡར་འཕར་སོང་སྟེ་ཡོད་ཟེར་ཨིན་པས།
ད་ཚུན་ སཱག་དང་ ལུང་ཕྱོགས་ རྒྱལ་སྤྱིའི་ལས་སྡེ་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་ སོ་ནམ་བཟའ་སྤྱོད་ལས་སྡེ་ དེ་ལས་ རྒྱལ་སྤྱིའི་མ་དངུལ་ལ་སོགས་པའི་ བྱ་རིམ་མཉམ་འབྲེལ་ཚུ་ གལ་གནད་ཅན་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *