འབྲུག་(ཁེན་འཇར་དཀརཔོ་གྱོན་མི་)དང་ མཱལ་དིབསི་གི་བར་ན་ རྩེད་འགྲན་འབད་བའི་བསྒང་།

སཱག་ལུང་ཕྱོགས་ཀྱི་ ཕུཊ་བཱོལ་རྩེད་འགྲན་ནང་ འབྲུག་གིས་ ཨང་༤ པ་ཐོན་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༩ ལུ་ འབྲུག་པའི་སྡེ་ཚན་གྱིས་ མཱལ་དིབསི་སྡེ་ཚན་དང་གཅིག་ཁར་ དྲག་ཤོས་ཨང་༣ པའི་དོན་ལུ་ མཐའ་བཅད་རྩེད་འགྲན་འབདཝ་ད་ མཱལ་དིབསི་གིས་ གཱོལ་༡ བཙུགས་ཏེ་ ཕམ་བཏང་ཡོདཔ་ལས་ ཨང་༤ པ་ལས་བརྒལ་ཐོན་མ་ཚུགས་པས།
དེ་ཡང་ ནེ་པཱལ་ལུ་སྦེ་ སཱག་ལུང་ཕྱོགས་རྒྱལ་ཁབ་༦ གི་ སྐྱེས་ལོ་༡༨ མན་ཆད་འབད་མི་ བུཚ་གི་ ཕུཊ་བཱོལ་རྒྱལ་རྟགས་དོན་ལུ་ཨིནམ་ད་ འབྲུག་པའི་སྡེ་ཚན་གྱིས་ བྱང་ཕྱད་སྡེ་ཚན་ཕམ་གཏང་ནིའི་དོན་ལུ་ དོ་འགྲན་འབད་མ་ཚུགས་པས།
བར་མཚམས་ངལ་གསོའི་ཤུལ་ལས་ སྐར་མ་༧༥ ནང་ མཱལ་དིབསི་གི་ རྩེད་འགྲན་པ་ཅིག་གིས་ འབྲུག་པའི་སྡེ་ཚན་ལུ་ གཱོལ་༡ བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༢༤ ལུ་ འབྲུག་དང་ མཱལ་དིབསི་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ གཱོལ་རེ་རེ་ འགྲན་འདྲ་བཙུགས་ཡོདཔ་ལས་ རྒྱལ་ཕམ་ཕྱེ་མ་ཚུགས་རུང་ ཨང་༣ པའི་དོན་ལུ་ འབྲུག་པའི་སྡེ་ཚན་ ཕམ་ བཏང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སཱག་ལུང་ཕྱོགས་ཀྱི་ ཕུཊ་བཱོལ་རྩེད་འགྲན་ནང་ལས་ ཨང་དང་པའི་དོན་ལུ་ རྒྱ་གར་དང་ བང་ལ་དེཤ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ རྒྱ་གར་གྱིས་ གཱོལ་༢ བཙུགས་པའི་སྐབས་ བང་ལ་དེཤ་གིས་ གཱོལ་༡ ལས་བརྒལ་བཙུགས་མ་ཚུགསཔ་ལས་ རྒྱ་གར་གྱིས་ ཨང་དང་པ་ ཐོན་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༢༧ ལུ་ འབྲུག་པའི་སྡེ་ཚན་གྱིས་ བང་ལ་དེཤ་དང་གཅིག་ཁར་ མཐའ་བཅད་འོག་མའི་རྩེད་ འགྲན་འབད་ཡོདཔ་ད་ མཱལ་དིབསི་གིས་ རྒྱ་གར་དང་ དོ་འགྲན་འབད་ཡོདཔ་ཨིན་པས།
སཱག་གི་ ཕུཊ༌བཱོལ་རྒྱལ་རྟགས་འགྲན་བསྡུར་དེ་ སྤྱི་ལོ་༢༠༡༥ ལུ་ ནེ་པཱལ་ལུ་སྦེ་ འགོ་དང་པ་ འགོ་འདྲེན་འཐབ་པའི་སྐབས་ ལུང་ཕྱོགས་རྒྱལ་ཁབ་༨ ཀྱིས་ བཅའ་མར་གཏོགས་ཡོད་རུང་ སྤྱི་ལོ་༢༠༡༧ ལུ་ བང་ལ་དེཤ་རྒྱལ་ཁབ་ནང་ འགོ་འདྲེན་འཐབ་པའི་སྐབས་ རྒྱལ་ཁབ་༧ གྱིས་མ་གཏོགས་ བཅའ་མར་མ་གཏོགས་པས།
ཨིན་རུང་ དུས་ཅི་ འགོ་འདྲེན་འཐབ་པའི་སྐབས་ པ་ཀིས་ཊཱན་དང་ ཨཕ་གཱ་ནིས་ཊཱན་རྒྱལ་ཁབ་༢ ཀྱིས་ བཅའ་མར་གཏོགས་མ་བཏུབ་ལས་ རྒྱལ་ཁབ་༦ གི་བར་ན་ རྩེད་འགྲན་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༥ དང་༢༠༡༧ ལུ་ སཱག་ལུང་ཕྱོགས་ཀྱི་ ཕུཊ༌བཱོལ་དྲག་ཤོས་ཨང་དང་པ་ཐོན་མི་ ནེ་པཱལ་དེ་ དུས་ཅི་ འབྲུག་པའི་སྡེ་ཚན་གྱིས་ གཱོལ་༣ བཙུགས་ཏེ་ ཕམ་བཏང་ཡོདཔ་བཞིན་དུ་ མཱལ་དིབསི་སྡེ་ཚན་དང་ རྩེད་ འགྲན་འབད་རུང་ རྒྱལ་ཕམ་ཕྱེ་མ་ཚུགསཔ་ལས་ མཐའ་བཅད་རྩེད་འགྲན་འབད་ནིའི་ གོ་སྐབས་ལེན་མ་ཚུགས་པར་ ཕམ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *