སཱག་གོང་འཕེལ་མ་དངུལ་གྱི་ བཀོད་ཚོགས་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ ལུང་ཕྱོགས་ཀྱི་འཐུས་མི་ཚུ།

སཱག་མ་དངུལ་བཀོད་ཚོགས་ཀྱིས་ འཐུས་མི་རྒྱལ་ཁབ་༨ ཀྱི་དོན་ལུ་ ལས་འགུལ་༢ ཆ་འཇོག་གྲུབ་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༢༣ དང་༢༤ ལུ་ ཤྲི་ལངྐ་ཀོ་ལོམ་བོ་ལུ་ སཱག་གོང་འཕེལ་མ་དངུལ་གྱི་ བཀོད་ཚོགས་ཞལ་འཛོམས་ འཚོགས་པའི་སྐབས་ ལུང་ཕྱོགས་ཀྱི་འཐུས་མི་༨ ཀྱི་ནང་འཁོད་ལུ་ གཅིག་སྒྲིལ་དང་ དཔལ་འབྱོར་མཉམ་འབྲེལ་ཐོག་ལས་ ཧེ་མ་བ་ལྷགཔ་སྦེ་ གོང་འཕེལ་གཏང་ནིའི་ གྲོས་ཐག་བཅད་ཡོདཔ་ཨིན་པས།
དེ་ཡང་ ལྷོ་ཨེ་ཤི་ཡ་ལུ་ གནམ་འགྱུར་བགྲོད་དང་བསྟུན་པའི་ སོ་ནམ་གྱི་མཐུན་ཚོགས་བཟོ་ནི་དང་ མི་ཚེ་ཉམས་གསོའི་ཚན་རིག་ལས་རིམ་ནང་ གཙུག་ལག་ཤེས་ཡོན་བྱིན་ནིའི་ ལས་འགུལ་༢ ཆ་འཇོག་གྲུབ་ཡོདཔ་ཨིན་པས།
ལྷོ་ཨེ་ཤེ་ཡ་ལུ་ གཅིག་གནམ་འགྱུར་བགྲོད་དང་བསྟུན་པའི་ སོ་ནམ་གྱི་མཐུན་ཚོགས་བཟོ་ནི་ནང་ རྒྱལ་སྤྱི་སོ་ནམ་གོང་འཕེལ་མ་དངུལ་དང་ ཡུན་བརྟན་གོང་འཕེལ་མ་དངུལ་གཉིས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཨཕ་ག་ནིས་ཏཱན་དང་ འབྲུག་ པ་ཀིས་ཏཱན་ དེ་ལས་ ཤྲི་ལངྐ་རྒྱལ་ཁབ་ཚུ་ནང་ སོ་ནམ་ཡུན་བརྟན་དང་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ཨིནམ་ད་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ ལྕོགས་གྲུབ་དང་འཕྲུལ་རིག་ཚུ་ གོང་འཕེལ་གཏང་ནིའི་རྒྱབ་སྐྱོར་ཚུ་ཡང་ འབད་ནི་ཨིན་པས།
ལས་འགུལ་དེ་ རྒྱལ་ཡོངས་སོ་ནམ་དང་ ཞིབ་འཚོལ་རྒྱ་སྐྱེད་ལམ་ལུགས་དང་ སཱག་སོ་ནམ་ལྟེ་བ་གིས་ ལག་ལེན་འཐབ་ནི་ཨིནམ་ད་ སཱག་གོང་འཕེལ་མ་དངུལ་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཌོག་ཊར་སུ་ནཱིལ་ མོ་ཏི་ཝཱལ་གིས་ སླབ་མིའི་ནང་ ལས་འགུལ་གྱི་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་༣.༣༢ གྲོགས་རམ་སྦེ་བྱིན་མི་དེ་གིས་ རྒྱལ་ཁབ་༤ གི་ མི་སེར་ཉམ་ཆུང་དང་ ཞིབ་འཚོལ་རྒྱ་སྐྱེད་པ་དང་ སྲིད་བྱུས་རྩམ་མི་༧༥༠༠ ལྷགཔ་ཅིག་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ལྷོ་ཨེ་ཤི་ཡ་ལུ་ གནོད་པ་བྱུང་ནུག་ཟེར་ཨིནམ་ད་ དེའི་དོན་ལུ་ མི་སེར་སོ་ནམ་ཚུ་ལུ་ གནམ་གཤིས་འགྱུར་བགྲོད་དང་བསྟུན་པའི་ མཐུན་འགྱུར་ཡར་འཕར་གཏང་དགོ་པའི་ ཡིད་ཆེས་ཡོད་ཟེར་ཨིན་པས།
ཁེ་ཕན་བྱུང་མི་ཚུ་གིས་ གནམ་གཤིས་འགྱུར་བགྲོད་དང་འབྲེལ་བའི་ སོ་ནམ་གྱི་ ལྕོགས་གྲུབ་གོང་འཕེལ་གཏང་ནིའི་ནང་ ཤེས་ཡོན་ལྟ་བཤལ་དང་ ཉམས་མྱོང་ཚུ་འཐོབ་ནི་ཨིནམ་ལས་ མི་གྲངས་༡༠༠,༠༠༠ ལྷགཔ་ཅིག་ལུ་ ཁེ་ཕན་འབྱུང་ནི་ཨིན་པས།
མི་ཚེ་ཉམས་གསོའི་ ཚན་རིག་ལས་རིམ་ནང་ གཙུག་ལག་ཤེས་ཡོན་དོན་ལུ་ མ་དངུལ་ཡུ་ཨེསེ་ཌོ་ལར་༡.༥ བྱིན་ཡོདཔ་ད་ དེ་ཡང་ སཱག་གི་འཐུས་མི་༨ ལུ་ མི་ཚེ་ཉམས་སྲུང་ནང་ ལྕོགས་གྲུབ་གོང་འཕེལ་གཏང་ནི་དང་ དེ་དང་འབྲེལ་བའི་སྲིད་བྱུས་བརྩམ་ནི་དང་ཤེས་ཡོན་གོང་འཕེལ་གཏང་ནིའི་དོན་ལུ་ཨིནམ་ད་ ཤེས་ཡོན་དེ་ བང་ལ་དེཤི་གསོ་བའི་ཁྱད་རིག་སྤེལ་ཁང་ལུ་ བྱིན་ནི་ཨིན་པས།
ལས་འགུལ་དེ་གིས་ མི་གྲངས་༡༥༠ ལུ་ ཐད་ཀར་དུ་ ཁེ་ཕན་འབྱུང་ནི་དང་ གཙུག་ལག་ཤེས་ཚད་མཐར་འཁྱོལ་མི་དང་ མཐོ་རིམ་ཤེས་ཚད་སྦྱང་པའི་བསྒང་ཡོད་མི་༦༦༠ ལུ་ ཁེ་ཕན་འབྱུང་ནི་ཨིནམ་ད་ ནདཔ་༢༣༤,༤༣༢ དང་ དབང་པོ་སྐྱོན་ཅན་ཚུ་ལུ་ ཁེ་ཕན་འབྱུང་ནི་ཨིན་པས།
སཱག་གོང་འཕེལ་མ་དངུལ་དེ་ སྤྱི་ལོ་༢༠༡༠ གྱི་ཟླཝ་༤ པའི་ནང་ འཐུས་མི་༨ ཀྱིས་ ལུང་ཕྱོགས་ནང་ གཅིག་སྒྲིལ་དང་དཔལ་འབྱོར་ནང་ མཉམ་འབྲེལ་འབད་ནིའི་དོན་ལུ་ གཞི་བཙུགས་འབད་ཡོདཔ་ད་ དྲུང་ཆེན་ཡིག་ཚང་དེ་ ཐིམ་ཕུག་ལུ་ ཡོདཔ་ཨིན་པས།
སཱག་མ་དངུལ་གཞི་བཀོད་ནང་ འཐུས་མི་རྒྱལ་ཁབ་༨ ཀྱི་ དངུལ་རྩིས་བློན་པོ་དང་ བཀོད་ཚོགས་ཀྱི་མདོ་ཆེན་ རང་སོའི་རྒྱལ་ཁབ་ཀྱི་ དངུལ་རྩིས་ལྷན་ཁག་ལས་ ངོ་ཚབ་རེ་འོང་དོ་ཡོདཔ་ད་ ཐིམ་ཕུག་ལུ་ཡོད་པའི་ སཱག་གོང་འཕེལ་དྲུང་ཆེན་ཡིག་ཚང་དེ་ བཀོད་ཁྱབ་གཙོ་འཛིན་གྱི་ འགོ་ཁྲིད་འབད་དོ་ཡོདཔ་ཨིན་པས།
སཱག་གོང་འཕེལ་མ་དངུལ་ཡིག་ཚང་གིས་ མ་རྩ་ ཡུ་ཨེསི་ཌོ་ལར་ཐེར་འབུམ་༡.༥ བྱིན་ནིའི་དབང་ཚད་སྤྲོད་ཡོདཔ་ད་ གཞི་རྟེན་མ་རྩ་ཡུ་ཨེསི་ཌོ་ལར་ས་ཡ་༥༡༡.༥༢ ཡོདཔ་ད་ ད་ལྟོ་ སཱག་མ་དངུལ་གི་ ལས་འགུལ་༨༠ ས་གནས་༡༢ ནང་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
དེ་ཡང་ མི་སྡེ་ནང་ རྒྱབ་སྐྱོར་འབད་ནིའི་དོན་་ལུ་ མ་དངུལ་ཡུ་ཨེསི་ཌོ་ལར་ས་ཡ་༧༣.༧༤ རྒྱབ་སྐྱོར་འབད་ནིའི་ ཁས་ལེན་འབད་ཡོདཔ་ད་ ལས་འགུལ་༢ ཆ་འཇོག་འབད་ཡོད་པའི་ཁར་ ལས་འགུལ་༥ དཔལ་འབྱོར་དང་ བཟོ་བཀོད་དོན་ལུ་ཨིན་པས།
ལས་འགུལ་༡༠ ལྷགཔ་ཅིག་ སཱག་མ་དངུལ་ཡིག་ཚང་གིས་ ཆ་འཇོག་གྲུབ་པའི་བསྒང་ཡོདཔ་ད་ དེ་ནང་ ཤྲི་ལངྐ་ཡང་ཚུད་དེ་ཡོད་ཟེར་ ཌོག་ཊར་སུ་ནཱིལ་ མོ་ཏི་ཝཱལ་གྱིས་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ གནས་བརྟན་རྡོ་རྗེ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *