སཱག་གོང་འཕེལ་མ་དངུལ་གྱི་ ཡིག་ཚང་འགོ་འཛིན་པ་ ཨ་ནུཇ་ གཱ་ཡེལ་གྱིས་ ཞལ་འདེབས་མ་དངུལ་གྱི་ དངུལ་འཛིན་ཅཱེག་ གསོ་བའི་དྲུང་ཆེན་ ཌོག་ཊར་ པཱན་གྲུབ་ཚེ་རིང་ལུ་ རྩིས་སྤྲོད་འབད་བའི་བསྒང་།

སཱག་གོང་འཕེལ་མ་དངུལ་གྱིས་ གསོ་བ་ལྷན་ཁག་ལུ་ དངུལ་ཀྲམ་ས་ཡ་༣༦.༦༦ ཞལ་འདེབས་བྱིན་ཡོདཔ།

༉ ཁ་ཙ་ སཱག་གོང་འཕེལ་མ་དངུལ་གྱིས་ ནད་ཡམས་ཀོ་བིཌ་-༡༩ འི་ གློ་བུར་གནང་བྱིན་དོན་ལས་ གསོ་བ་ལྷན་ཁག་ལུ་ དངུལ་ཀྲམ་ས་ཡ་༣༦.༦༦ ཞལ་འདེབས་བྱིན་ཡོདཔ་ཨིན་པས།

ཞལ་འདེབས་མ་དངུལ་དེ་ཡང་ སཱ་གོང་འཕེལ་མ་དངུལ་གྱིས་ གསོ་བ་ལྷན་ཁག་ལུ་ ཡུ་ཨེས་ཌོ་ལར་ས་ཡ་༡ བྱིན་ནིའི་ཁས་བླངས་འབད་ཡོད་མི་ལས་ བརྒྱ་ཆ་༥༠ གི་རྩིས་ཨིན་པས།

སཱག་གོང་འཕེལ་མ་དངུལ་གྱི་ ཡིག་ཚང་འགོ་འཛིན་པ་ ཨ་ནུཇ་ གཱ་ཡེལ་གྱིས་ ཞལ་འདེབས་མ་དངུལ་གྱི་ དངུལ་འཛིན་ཅཱེག་དེ་ གསོ་བའི་དྲུང་ཆེན་ ཌོག་ཊར་ པཱན་གྲུབ་ཚེ་རིང་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།

འགོ་དཔོན་ཚུ་དང་འཁྲིལཝ་ད་ ལྷག་ལུས་ཞལ་འདེབས་མ་དངུལ་དེ་ ད་ལྟོ་བྱིན་མི་ལས་ བརྒྱ་ཆ་༨༠ སྤྱོད་ཚརཝ་ད་ བྱིན་འོང་ཟེར་ཨིནམ་ད་ གསོ་བའི་དྲུང་ཆེན་གྱིས་ སླབ་མིའི་ནང་ མ་དངུལ་དེ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ ཀོ་བིཌ་-༡༩ འི་ ཚབས་ཆེན་ཁང་བཟོ་ནིའི་དོན་ལུ་ ལག་ལེན་འཐབ་འོང་ཟེར་ཨིན་པས།

དྲུང་ཆེན་དང་འཁྲིལཝ་ད་ མ་དངུལ་དེ་ རང་རྐྱང་ཉེན་སྲུང་གྱོན་ཆས་དང་ སྲོག་རླུང་འཕྲུལ་ཆས་ བརྟག་དཔྱད་ཅ་ཆས་ དེ་ལས་ གསང་ལྟ་སྒྲིང་སྒྲི་བཟོ་ནི་དང་ གསོ་བའི་ལས་བྱེདཔ་ཚུ་ལུ་ སྦྱོང་བརྡར་བྱིན་ནིའི་དོན་ལུ་ ལག་ལེན་འཐབ་ནི་ཟེར་ཨིན་པས།

ཨ་ནུཇ་ གཱ་ཡེལ་གྱིས་ སླབ་མིའི་ནང་ གྲོགས་རམ་དེ་གིས་ ནད་ཡམས་ཀྱི་གདོང་ལེན་འབད་ནི་དང་ ལུང་ཕྱོགས་ཀྱི་ མི་སེར་ཚུ་ ཉེན་སྲུང་འབད་ཐབས་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིནམ་ད་ འཐུས་མི་རྒྱལ་ཁབ་ཚུ་ལུ་ མ་དངུལ་གྱི་གྲོགས་རམ་འབད་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་ ཁོ་གིས་ བཤད་ཡོདཔ་ཨིན་པས།

འགོ་དཔོན་ཚུ་དང་འཁྲིལཝ་ད་ སཱག་གོང་འཕེལ་མ་དངུལ་དང་ གསོ་བ་ལྷན་ཁག་གིས་ བདུན་ཕྲག་འདི་ནང་ ལས་འགུལ་ བསྟར་སྤྱོད་འབད་ནི་ འགོ་བཙུགས་པའི་བརྡ་མཚོན་ལུ་ ལས་འགུལ་གྱི་ ཟད་འགྲོའི་གན་ཡིག་དེ་ བསྟར་སྤྱོད་འབད་ནི་ཟེར་ཨིན་པས།

འབྲུག་ལུ་ ཡུ་ཨེས་ཌོ་ལར་ས་ཡ་༡ གི་ གནང་བྱིན་དེ་ ཡུ་ཨེས་ཌོ་ལར་ས་ཡ་༧.༧༥ བྱིན་ནི་ཨིན་མིའི་ ཆ་ཤས་ཨིནམ་ད་ དེ་ཡང་ ན་ཧིང་གི་ལོ་ནང་ འཐུས་མི་རྒྱལ་ཁབ་ཚུ་ལུ་ ནད་ཡམས་གདོང་ལེན་འབད་ཐབས་ལུ་ བྱིན་ནིའི་ཁས་བླངས་འབད་མི་དེ་ ཨིན་པས།

མ་དངུལ་དེ་ སཱག་གོང་འཕེལ་མ་དངུལ་གྱི་ མི་སྡེའི་ཧོངས་ལུ་ གྲོགས་རམ་འབད་མིའི་གྲས་ཁར་ཨིནམ་ད་ ད་ཚུན་ ཡིག་ཚང་དེ་གིས་ འཐུས་མི་རྒྱལ་ཁབ་༨ ཡོད་ས་ལས་ ཨཱཕ་ག་ནིས་ཏཱན་དང་ བང་ལ་དེཤ་ འབྲུག་ མཱལ་དིབསི་ ནེ་པཱལ་ པ་ཀིས་ཏཱན་ དེ་ལས་ ཤྲིངྐ་རྒྱལ་ཁབ་༧ ལས་ ལས་འགུལ་གྱི་གྲོས་འཆར་ཚུ་ ལྷོད་དེ་ཡོད་པའི་གནས་ཚུལ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *