སའི་ཇོ་བདག་༤ གིས་ ཁོང་རའི་ས་ཆ་ཚུ་ ཁྲོམ་སྡེ་ལུ་ སྤྲོད་དགོ་ནི།

༉ ཐིམ་ཕུག་ཁྲོམ་སྡེ་གིས་ ཧེ་འཇོ་ལུ་ ཕྱི་འབྲེལ་དོན་གཅོད་ཀྱི་དོན་ལས་ སྒེར་ས་ལེན་མི་ སའི་ཇོ་བདག་༤ གིས་ སའི་གོང་ཚད་དེ་ སྒེར་གྱི་ལམ་ལུགས་བསྟར་ སྤྲོད་དགོ་པའི་ཞུ་བ་ཕུལ་མི་དེ་ལུ་ སྤྲོད་ཐབས་མེད་པའི་ འཁྲུན་ཆོད་བཏོན་ནུག།

གྲངས་མང་ཁྲིམས་ཁྲི་གིས་ འཕྲལ་ཁམས་ཅིག་ཁར་བཏོན་མི་ འཁྲུན་ཆོད་ནང་ ཕྱི་འབྲེལ་དོན་གཅོད་དོན་ལུ་ མི་ངོམ་༥༤ ལས་ སྒེར་ས་ལེན་ཡོད་མི་ཚུ་གིས་ གཞུང་གི་ལམ་ལུགས་ལྟར་ རྒྱུ་དངོས་དབྱེ་ཞིབ་དང་ གནས་གོང་བཏོན་མི་ལས་སྡེ་གིས་བཀོད་མི་ གོང་ཚད་དང་འཁྲིལ་སྤྲོད་མི་དེ་ ལེན་ཡོད་རུང་ ཁོང་༤ གིས་ཞུ་བ་འབད་མི་དེ་ ལོགས་སུ་སྦེ་ སྤྲོད་ཐབས་མིན་འདུག་ཟེར་ བཀོད་ནུག།

དེ་མ་ཚད་ ཆེ་མཐོ་ཁྲིམས་ཁྲི་༢ པ་གིས་བཏོན་མི་ འཁྲུན་ཆོད་ནང་ ཐོག་མའི་ཁྲིམས་འདུན་གྱིས་ ཕྱོགས་ལྷུང་མེད་པར་ གནང་ ཡོདཔ་ལས་ འཁྲུན་ཆོད་དེ་ འགྱུར་ལྡོག་འབད་ཐབས་མིན་འདུག་ཟེར་ བཀོད་ནུག།

དེ་ལས་ མཐོ་གཏུགས་པ་གིས་ མཐོ་གཏུགས་འབད་མི་དེ་ རྒྱུ་མཚན་ག་ནི་ཡང་མེདཔ་ལས་ དེ་གིས་ ཐིམ་ཕུག་ཁྲོམ་སྡེ་ལུ་ བརྡབ་གསིག་རྐྱབ་ཡོདཔ་ལས་ ཟད་འགྲོའི་དོན་ལུ་ དངུལ་ཀྲམ་༢༢,༥༠༠ སྤྲོད་དགོ་ཟེར་བཀོད་ནུག།

མཐོ་གཏུགས་འབད་མི་ཚུ་གིས་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ ཁོང་ལུ་ རྒྱུ་དངོས་བདག་བཟུང་གི་ ཐོབ་དབང་ཡོད་ཟེར་ཞུ་ཡོདཔ་ད་ ཁོང་གི་ས་ཆ་དེ་ དབང་བཙོང་དང་ ཁྲིམས་འགལ་ཐོག་ལས་ ལེན་ཡོད་ཟེར་ཞུ་ནུག།

ཨིན་རུང་ ཁྲིམས་འདུན་གྱིས་ མི་མང་གི་ས་ཆ་ ཁྲམ་བཀོད་ཡོད་མི་ས་ཆ་ཅིག་ གཞུང་གི་དོན་ལུ་ ལེན་ཆོགཔ་སྦེ་ ཡོད་ཟེར་ཨིན་པས།

འཁྲུན་ཆོད་ནང་ སྤྱི་ལོ་༢༠༠༢ ལས་༢༠༢༧ གྱི་དོན་ལུ་ འཆར་གཞི་རྩམ་པའི་སྐབས་ གསར་ཤོག་ནང་ བརྡ་བསྐུལ་འབདཝ་ད་ ཉོགས་བཤད་བཀོད་མི་ ག་ཡང་མ་འཐོན་རུང་ ད་རེས་རྐྱངམ་གཅིག་བཀོད་མི་དེ་ འོས་འབབ་མེད་པའི་ མངོན་རྟགས་འདུག་ཟེར་བཀོད་ནུག།

འཆར་གཞི་དེ་ནང་ ཕྱི་འབྲེལ་དོན་གཅོད་ཡིག་ཚང་༡༦ གི་དོན་ལུ་ ས་ཆ་ཨེ་ཀར་༣༡.༧ ངོས་འཛིན་འབད་ཡོདཔ་ད་ ས་ཆ་དེ་ ཡང་ རྒྱ་གར་གཞུང་ཚབ་ལས་ཁང་གི་ གདོང་ཁར་ཡོད་མི་ཚུ་ཨིན་པས།

འཆར་གཞི་དེ་ ཁྲོམ་སྡེ་གིས་བཟོ་སྟེ་ སྤྱི་ལོ་༢༠༠༣ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱིས་ ཆ་འཇོག་འབད་ཡོདཔ་ད་ ས་ཆ་ཡོངས་ བསྡོམས་ལས་ ཨེ་ཀར་༨.༥ ཆོས་སྡེ་ཁག་ཚུ་གི་ཨིན་པས།

དེ་གི་ནང་ལས་ སྤྱི་ལོ་༢༠༡༧ ལུ་ གཞུང་གིས་ བང་ལ་དེཤ་གཞུང་ཚབ་ལུ་ ཨེ་ཀར་༡.༥ སྤྱོད་ཆོག་པའི་དབང་ཆ་ སྤྲོད་ཡོདཔ་ཨིན་པས།

སའི་ཇོ་བདག་༤ གིས་ ཁྲོམ་སྡེ་གིས་ ས་ཆ་དེ་ མི་མང་གི་མཐའ་དོན་ལུ་ཨིན་ཟེར་ བཀོད་མི་དེ་ ཁུངས་བཀལ་དགོཔ་སྦེ་ ཞུ་ ཡོདཔ་ད་ ཕྱི་འབྲེལ་དོན་གཅོད་ཀྱི་དོན་ལུ་ ལག་ལེན་འཐབ་ནི་དེ་ མི་མང་གི་མཐའ་དོན་ལུ་མེནམ་ལས་ གོང་ཚད་དེ་ སྒེར་གྱི་གོང་ཚད་དང་འཁྲིལ་དགོ་ཟེར་ ཞུ་ནུག།

ཁྲོམ་སྡེའི་ཁྲིམས་རྩོདཔ་གིས་ འདས་པའི་སྙན་གསན་ཚུ་འབད་བའི་སྐབས་ སའི་ཇོ་བདག་༤ གིས་ འཆར་གཞི་ཚུ་ བར་ཆད་ རྐྱབ་མི་དེ་ གཞུང་གི་སྲིད་བྱུས་ལུ་ བར་རྐྱེན་རྐྱབ་ཡོད་པའི་ཁར་ ཁོང་གི་ཞོར་ལས་ ཕྱི་འབྲེལ་དོན་གཅོད་ནང་ དཀའ་ངལ་ འཐོན་པ་ཅིན་ ཁོང་ལུ་ འགན་འཁྲི་བཀལ་དགོཔ་སྦེ་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *