སངས་རྒྱས་ཚུལ་ཁྲིམས་ཀྱིས་ ད་ལས་ཕར་ གཟུགས་སྟོབས་འགྲན་བསྡུར་ཚུ་ནང་ བཅའ་མར་གཏོགས་མ་ཆོགཔ།

༉ སྤྱི་ཟླ་༡༢ པའི་ཚེས་༡༢ ལུ་ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ དམིགས་བསལ་གྱི་ བཀོད་ཁྱབ་ཞལ་འཛོམས་ཅིག་ སྤུ་ན་ཁ་ལུ་སྦེ་ འཚོགས་པའི་སྐབས་ ཚོགས་པའི་གཙོ་འཛིན་གྱིས་ སྤྱི་ལོ་༢༠༡༧ ཟླ་༡༠ པའི་ཚེས་༥ ལས་༨ ཀྱི་བར་ན་ མོང་གོ་ལི་ཡ་ལུ་ གཟུགས་སྟོབས་འགྲན་བསྡུར་འགོ་འདྲེན་འཐབ་སར་ བཅའ་མར་གཏོགས་མི་ འབྲུག་པའི་སྡེ་ཚན་གྱིས་ གཟུགས་ཀྱི་སྟོབས་ཤུགས་འགྲན་བསྡུར་དང་འབྲེལ་བའི་ གནད་དོན་ཐོག་ལུ་ གསུང་གྲོས་གནང་ནུག།
ཞལ་འཛོམས་དེ་ དུས་ཡུན་ཆུ་ཚོད་ལེ་ཤ་གི་རིང་ གྲོས་བསྡུར་འབད་བའི་ཤུལ་ལས་ དེ་ནང་བཅའ་མར་གཏོགས་མི་ སངས་རྒྱས་ཚུལ་ཁྲིམས་ལུ་ ཁུངས་དང་མ་ལྡན་པའི་ ཉེས་འཛུགས་འབད་མི་དང་ རྩེད་རིགས་མཁནམ་གི་ ཀུན་སྤྱོད་རྣམ་གཞག་དང་འགལ་བའི་ བཟོད་གསོལ་ཡི་གུ་བཙུགས་དགོ་པའི་སྐོར་ལས་ ཁ་བཀོད་རྐྱབ་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ལོ་གཅིག་གི་རིང་ རྒྱལ་སྤྱི་དང་ རྒྱལ་ཁབ་ནང་འཁོད་ཀྱི་ གཟུགས་སྟོབས་འགྲན་བསྡུར་ཚུ་ནང་ བཅའ་མར་གཏོགས་ནི་ལས་ བཀག་ཆ་འབད་ནི་ཨིནམ་ད་ སངས་རྒྱས་ཚུལ་ཁྲིམས་ལུ་ བཀོད་ཁྱབ་ཚོགས་པ་ལུ་ མཐོ་གཏུགས་འབད་ནིའི་དོན་ལུ་ ཞག་དུས་ཉིནམ་༡༠ བྱིན་ཡོད་པའི་སྐོར་ལས་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོདཔ་ཨིན་པས།
འཐུས་མི་ཚུ་གིས་ གལ་སྲིད་སངས་རྒྱས་ཚུལ་ཁྲིམས་ཀྱིས་ བཟོད་གསོལ་ཡི་གུ་མ་བཙུགས་པ་ཅིན་ ད་ལས་ཕར་ སངས་རྒྱས་ཚུལ་ཁྲིམས་ཀྱིས་ མི་ཚེའི་རིང་ འབྲུག་ཨོ་ལིམ་པིག་ཚོགས་པ་དང་འབྲེལ་བ་ཡོད་པའི་ གཟུགས་སྟོབས་འགྲན་བསྡུར་གྱི་ལས་རིམ་དང་ ལས་སྣ་ཚུ་ནང་ བཅའ་མར་གཏོགས་མ་ཆོགཔ་བཟོ་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།
སངས་རྒྱས་ཚུལ་ཁྲིམས་ཀྱིས་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚེས་༢༨ ལུ་ གསོལ་འདེབས་ཡི་གུ་བཙུགས་ཡོད་རུང་ བཀོད་ཁྱབ་ཚོགས་པའི་ ཁ་བཀོད་དང་འཁྲིལ་ བྲིས་ཏེ་མེདཔ་ལས་ ད་རུང་ ལམ་སྟོན་དང་འཁྲིལ་ ཡི་གུ་ལོག་བཙུགས་ནིའི་དོན་ལུ་ དུས་ཡུན་ཞག་གྲངས་༧ བྱིན་ཡོདཔ་ཨིན་པས།
ཨིན་རུང་ སངས་རྒྱས་ཚུལ་ཁྲིམས་ཀྱིས་ ཡི་གུ་ལོག་བཙུགས་མ་བཏུབ་མི་ལུ་བརྟེན་ བཀོད་ཁྱབ་ཚོགས་པ་གིས་ སངས་རྒྱས་ཚུལ་ཁྲིམས་ལུ་ ཁོ་རའི་ མི་ཚེ་རིང་ གཟུགས་སྟོབས་འགྲན་བསྡུར་ཚུ་ནང་ བཅའ་མར་གཏོགས་མ་ཆོགཔ་སྦེ་ བཟོ་ནི་ལུ་ ཐག་བཅད་ཡོདཔ་མ་ཚད་ ཚོགས་པ་གི་མངའ་འོག་ལུ་ཡོད་པའི་ལས་སྣ་ཚུ་ནང་ འཛིན་སྐྱོང་པའམ་ བདག་སྐྱོང་ དེ་ལས་ འཕྲུལ་ལས་པའི་འགན་ཁུར་ཚུ་ འབག་མ་ཆོགཔ་སྦེ་ ཐག་བཅད་ཡོདཔ་ཨིན་པས།
སངས་རྒྱས་ཚུལ་ཁྲིམས་ཀྱིས་འབད་བ་ཅིན་ ཁོ་ར་ རྩེད་འགྲན་ཚུ་ནང་ བཅའ་མར་གཏོགས་ནི་ལས་ བཀག་ཆ་འབད་མི་དེ་ ཁོ་ལུ་ཁྱད་མེད་ཟེར་ སླབ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁོ་གིས་ གནད་དོན་དེ་གི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ནང་ གསལ་བསྒྲགས་འབད་མི་ལུ་ བཟོད་གསོལ་འབད་ཡོད་རུང་ ཉེས་འཛུགས་འབད་མི་དེ་ ག་ར་བདེན་གཏམ་ཐོག་ལུ་ཨིན་རུང་ ཁུངས་བཀལ་ནིའི་གོ་སྐབས་ མ་བྱིན་ཟེར་ཨིནམ་ད་ ཁོ་ལུ་ བཟོད་གསོལ་འབད་དགོཔ་སྦེ་ སླབ་མི་དེ་ ཚོགས་པ་གིས་ ཁོ་ལུ་འཛོལ་བ་མེད་རུང་ ཡོདཔ་བཟོ་ནི་ལུ་དམིགས་ཏེ་ ཨིན་མས་ཟེར་ ཁ་ཉེས་བཀལ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *