སང་ཕོད་ཡང་ སྒེར་གྱི་སློབ་གྲྭ་ཚུ་གིས་ སློབ་ཕྲུག་ཚུ་ འཕྲོ་མཐུད་དེ་ར་འཐོབ་ནི།

༉  གཞུང་གིས་ དུས་ཅི་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་ཚུ་ སློབ་གཉེར་གྲོགས་རམ་ཐོག་ལས་ སྒེར་གྱི་སློབ་གྲྭ་ཚུ་ནང་ འཛུལ་མི་དེ་ མཇུག་ཨིནམ་སྦེ་ སླབ་ཡོད་རུང་ གལ་སྲིད་ སློབ་གྲྭ་ཚུ་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ རྐྱབ་མ་ཚུགས་པ་ཅིན་ སང་ཕོད་ཡང་ སྒེར་གྱི་སློབ་གྲྭ་ཚུ་ནང་ སློབ་ཕྲུག་གཏང་འོང་ཟེར་ཨིན་པས།

དེ་ཡང་ སྤྱི་ཟླ་༦ པའི་ཚེས་༨ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་སྐབས་ ཤེས་རིག་བློན་པོ་ ཇའི་བིར་རའེ་གིས་ ཞུ་ཡོདཔ་བཞིན་དུ་ ད་རེས་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ སློབ་ཁང་དང་ ཉལ་ཁྱིམ་རྐྱབ་མི་ཚུ་ བསྒྲུབ་མ་ཚུགས་པར་ཡོད་ཟེར་ ཞུ་ཡི།

མ་གཞི་ དུས་ཅི་ཡང་ གཞུང་གིས་ སྒེར་གྱི་སློབ་གྲྭ་ནང་ སློབ་གཉེར་གྲོགས་རམ་ཐོག་ལས་ སློབ་རིམ་༡༠ པ་མཐར་འཁྱོལ་མི་༡,༥༠༠ རྐྱངམ་གཅིག་ གཏང་ནི་གི་ ལས་འཆར་ཡོད་རུང་ ཤུལ་ལས་ གཞུང་གི་སློབ་གྲྭ་ཚུ་ནང་ མཐུན་རྐྱེན་མེད་མི་དང་ ས་སྟོང་གང་མི་ལུ་བརྟེན་ སློབ་ཕྲུག་༢,༧༠༠ དེ་ཅིག་ བཏང་བྱིན་དགོཔ་བྱུང་ནུག།

མཁར་-གཡུ་རུང་གི་འཐུས་མི་ ཚེ་རིང་ཆོས་སྒྲོན་གྱིས་ ཞུ་མིའི་ནང་ ཤེས་རིག་དེ་ སྤུས་ཚད་དང་ལྡནམ་སྦེ་ བཟོ་དགོ་པ་ཅིན་ སློབ་གྲྭ་ནང་ལས་ཕར་ སློབ་ཁང་དང་ སློབ་དཔོན་ དེ་ལས་ གཞི་རྟེན་མཁོ་ཆས་གཞན་ཚུ་ལངམ་སྦེ་ གཞི་བཙུགས་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།

བརྡ་བརྒྱུད་དང་འཁྲིལཝ་ད་ སང་ཕོད་ལས་ སློབ་རིམ་༡༠ པ་ མཐར་འཁྱོལ་མི་ཚུ་ལུ་ གཞུང་གི་གྲོགས་རམ་མ་བྱིན་པ་ཅིན་ མ་འོངས་པ་ལུ་ ཤེས་རིག་གི་ སྤུས་ཚད་ལུ་ ཐོ་མི་ཕོག་ག་ཟེར་བའི་ ཚ་གྱང་ཕོག་ཅི་ཟེར་ འཐུས་མི་གིས་ཞུ་ཡི།

དུས་ཅི་ སློབ་རིམ་༡༠ པའི་ནང་ སློབ་ཕྲུག་༡༢,༠༠༠ དེ་ཅིག་ཡོདཔ་ལས་ དེ་ཚུ་ག་ར་ གཞུང་གི་ སློབ་གྲྭ་ཚུ་ནང་ འཛུལ་བ་ཅིན་ གཞི་རྟེན་མཐུན་རྐྱེན་ མ་ལང་པའི་ དཀའ་ངལ་འབྱུང་ནི་ཨིནམ་ལས་ གཞུང་གི་ཧོངས་ལས་ གཞི་རྟེན་མཐུན་རྐྱེན་ཚུ་ལངམ་སྦེ་ མཁོ་སྤྲོད་འབད་ནིའི་ ཐབས་ཤེས་དང་ འཆར་གཞི་ཚུ་ ག་དེ་སྦེ་ར་ཡོད་ག་ཟེར་ འཐུས་མི་ཚེ་རིང་ཆོས་སྒྲོན་གྱིས་ ཤེས་རིག་བློན་པོ་ལུ་ དྲི་བ་ཞུ་ཡི།

ཨིན་རུང་ ཤེས་རིག་བློན་པོ་གིས་ སློབ་ཕྲུག་ཚུ་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ ག་དེ་སྦེ་ལངམ་སྦེ་ བྱིན་ནི་ཨིན་ནའི་སྐོར་ལས་ ཁ་གསལ་ཅིག་ ག་ནི་ཡང་ ཞུ་ནི་མེདཔ་ཨིན་པས།

ཤེས་རིག་བློན་པོ་གིས་འབད་བ་ཅིན་ སློབ་ཕྲུག་ཚུ་ག་ར་ གཞུང་གི་སློབ་གྲྭ་ནང་ བཙུགས་དགོ་པ་ཅིན་ སྤུས་ཚད་དང་ ས་གོ་ཚུ་ བལྟ་དགོ་ཟེར་ཨིནམ་ད་ ནད་ཡམས་ལུ་བརྟེན་ ལཱ་འབད་མི་མེདཔ་ལས་ ཉལ་ཁྱིམ་དང་ སློབ་ཁང་ཚུ་ བསྒྲུབ་མ་ཚུགས་པར་ཡོདཔ་ལས་ སང་ཕོད་ སློབ་ཕྲུག་ག་ར་ གཞུང་གི་སློབ་གྲྭ་ཚུ་ནང་ འཛུལ་ནི་ལུ་ ལཱ་ཁག་གཏང་ནི་མས་ཟེར་ཞུ་ཡི།

ཨིན་རུང་ རང་གིས་ ཟད་འགྲོ་གཏང་ཐོག་ལས་ སྒེར་གྱི་སློབ་གྲྭ་ནང་ འཛུལ་མི་ཚུ་ལུ་ བཀག་ཆ་ག་ནི་ཡང་མེད་ཟེར་ བློན་པོ་གིས་ ཞུ་བའི་ཁར་ སློབ་གཉེར་གྲོགས་རམ་དེ་ མ་བྱིན་པ་ཅིན་ སློབ་ཕྲུག་༤,༠༠༠ གི་ མི་ཚེ་མེདཔ་འགྱོ་འགྱོ་འོང་ཟེར་ཞུ་ཡི།

སྐུགས་ཚད་མེདཔ་བཟོ་བའི་སྐབས་ ཨ་ལོ་ཚུ་གིས་ ཤེས་ཡོན་ལེགས་ཤོམ་སྦེ་ མི་འཐོབ་འོང་ཟེར་ ལོ་རྒྱུས་ལེ་ཤ་ སླབ་ཡོད་རུང་ སྤྱི་ལོ་༢༠༡༩ གི་ ཨ་ལོ་ཚུ་གི་ མཐར་འཁྱོལ་བརྒྱ་ཆ་བལྟ་བའི་སྐབས་ འདས་པའི་ལོ་དང་ཕྱདཔ་ད་ ལོག་ལྟབ་སྦེ་ གྲུབ་འབྲས་ལེགས་ཤོམ་བྱུང་ནུག་ཟེར་ ཤེས་རིག་བློན་པོ་གིས་ ཞུ་ཡི།

མོང་སྒར་སྐྱེངས་མཁར་-ཝེ་རིང་ལའི་འཐུས་མི་ རིག་འཛིན་རྒྱ་མཚོ་གིས་ སང་ཕོད་ལས་ སློབ་ཕྲུག་ག་ར་ གཞུང་གི་ སློབ་གྲྭ་ཚུ་ནང་ འཛུལ་ཞུགས་འབད་ནི་ཨིནམ་ལས་ སྒེར་གྱི་སློབ་གྲྭ་ཚུ་ནང་ ཧེང་སྐལ་ར་ གྱོང་རྒུད་ཕོག་ནི་མས་ཟེར་ ཞུ་ཡོདཔ་ད་ སང་ཕོད་ལས་ སྒེར་གྱི་སློབ་གྲྭ་ཚུ་ ཧེ་མའི་ གནས་སྟངས་ནང་ ལྷོད་ནིའི་དོན་ལུ་ གཞུང་གི་ཁ་ཐུག་ལས་ འཆར་གཞི་དང་ ལས་རིམ་གྲ་སྒྲིག་ ག་ཅི་ར་ཡོདཔ་ཨིན་ནའི་སྐོར་ཞུ་ཡི།

ཤེས་རིག་བློན་པོ་གིས་ སྒེར་གྱི་སློབ་གྲྭ་ཚུ་གི་ ཚོང་གི་སྲིད་བྱུས་ བསྒྱུར་བཅོས་འབད་བ་ཅིན་ གཞུང་གི་ཧོངས་ལས་ ཆ་རོགས་འབད་ནི་ལུ་ གྲོས་བསྟུན་འབད་དགོཔ་ཨིན་རུང་ ཐད་ཀར་དུ་ སློབ་གཉེར་གྲོགས་རམ་ བྱིན་ནིའི་སྐོར་ལས་ ད་ལྟོ་ གྲོས་བསྟུན་འབད་འབདཝ་མེད་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *