སྦ་ལུ་ སག་དང་ ཐང་ལུ་ སྟེང་སླབ་ནི་དེ་གིས་ མིང་ཡང་སག་སྟེང་ཟེར་ དར་ཁྱབ་སོང་མི་ སག་སྟེང་གཡུས་ཚན།

སག་སྟེང་ལུ་ ལུག་གསོ་སྐྱོང་ལམ་ལུགས་ ཡལ་ཉམས་འགྱོ་བའི་ཚ་གྱང།

༉ བཀྲ་ཤིས་སྒང་གི་ བྱང་ཕྱོགས་ས་གནས་ སག་སྟེང་གི་ སྤོ་ཏོག་གུ་ལས་མར་འབབ་ད་ ག་ནི་བ་ སྐྱིད་ཉམས་ལྡན་པའི་ ལུང་གཤོང་ནང་ རྟ་དང་ ལུག་ གཡག་དེ་ཚུ་ རྩྭ་ཟ་སར་མཐོངམ་ད་ སེམས་བག་ཕེབས་ཏོག་ཏོ་ བྱུངམ་ཨིན་པས།
འདི་བཟུམ་མའི་ མཐོང་སྣང་བྱུང་མི་དེ་ ལོ་ངོ་༥ ལྷགཔ་ཅིག་གི་ཧེ་མའི་ ལོ་རྒྱུས་ཨིན་པས།
ད་རེས་ནངས་པར་ ལུང་གཤོང་དེ་གི་ ས་ཐང་དགའ་ཏོག་ཏོ་དེ་ནང་ བཟོ་བཀོད་ཅོག་འཐདཔ་འབད་མི་ སྡོད་ཁྱིམ་ཚུ་སྦྱེལ་ཏེ་ཡོད་མི་དང་ གཡུས་ཚན་གྱི་ ཕར་ལོགས་ལས་ སྒམ་རི་ཆུ་བབས་པའི་ མཐོང་སྣང་མ་གཏོགས་ ལ་ནོར་རེ་གཉིས་ལས་བརྒལ་ མཐོང་ནི་མིན་འདུག།
འཚོ་བ་གཡག་དང་ ལུག་ལུ་བརྟེན་སྡོད་མི་ ས་ཁ་མཐོ་སའི་ མི་སྡེ་གིས་ བལ་གྱི་དོན་ལུ་ དང་ཕུ་གཞིས་ཆགས་པའི་ ནམ་དུས་ལས་ར་ ལུག་གསོ་སྐྱོང་འབད་སྲོལ་ཡོད་མི་དེ་ ཡལ་ཉམས་ཐོག་ ལོ་རྒྱུས་ཙམ་ཅིག་ལུ་ གྱུར་དོ་ཡོད་པའི་ མངོན་གསལ་བྱུངམ་མས།
དཔེར་ན་ སག་སྟེང་ལས་ སྐྱེས་ལོ་༦༡ ལང་མི་ དཀར་ཅུང་ལུ་ ལུག་༡༠༠ དེ་ཅིག་ཡོད་མི་ལས་ བལ་གྱི་ཐོན་སྐྱེད་བཙོང་ཐོག་ལས་ ལོ་བསྟར་བཞིན་དུ་ འོང་འབབ་དངུལ་ཀྲམ་༢༠༠,༠༠༠ ལྷགཔ་རེ་ བཟོ་ནི་ཡོདཔ་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༣ ལུ་ དཀར་ཅུང་གི་ ལུག་དེ་ཚུ་ གནས་སྤོ་སྟེ་ རི་ཁའི་རྩྭ་འབྲོག་ནང་ བདའ་སོང་པའི་སྐབས་ རི་དྭགས་སེམས་ཅན་འཕརཝ་ཚུ་གིས་ རྩ་མེད་བཏང་ཡོདཔ་ད་ འཕརཝ་ཁྱུ་ཅིག་གིས་ ཞག་གསུམ་ནང་ར་ ལུག་ག་ར་བསད་དེ་ རྩ་མེད་བཟོ་ད་ཡི་ཟེར་ བུ་༧ གྱི་ཨ་པ་ དཀར་ཅུང་གིས་ བཤདཔ་ཨིན་པས།
ཁོ་གིས་ གནད་དོན་དེ་གི་སྐོར་ལས་ སག་སྟེང་ནགས་ཚལ་གླིང་འཛིན་ཡིག་ཚང་ནང་ སྙན་ཞུ་འབདཝ་བཞིན་དུ་ ནགས་ཚལ་ལས་བྱེདཔ་ཚུ་གིས་ ནོར་གྱི་བྱང་ས་ནང་འོང་སྟེ་ འཕརཝ་གིས་བསད་མི་ ལུག་གི་རོ་ཚུ་ པར་བཏབ་འབག་སོང་ཡོད་རུང་ རྒུད་འཐུས་ག་ནི་ཡང་ མ་ཐོབ་ཟེར་ བཤདཔ་ཨིན་པས།
དཀར་ཅུང་དེ་ ད་རེས་ནངས་པ་ འཚོ་བ་གཡག་ལུ་བརྟེན་སྡོདཔ་ཨིན་པས།
ད་རུང་ སག་སྟེང་ལུ་ སྡོད་མི་ཚུ་ལུ་ སྤྱང་ཁྱི་ཚུ་ལས་ གདོང་ལེན་སྦོམ་ བྱུང་སྟེ་ཡོདཔ་ད་ སྟེང་མ་སྤྱི་འོག་ལས་ བཟོ་བོ་པ་སངས་ལུ་ སྤྱི་ལོ་༢༠༡༢ ལུ་ ལུག་༥༠ དེ་ཅིག་ཡོདཔ་ལས་ ལོ་བསྟར་བཞིན་དུ་ ལུག་གི་བལ་ཚར་གསུམ་རེ་བཏོག་སྟེ་ བཙོང་ཐོག་ལས་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ དེ་རེ་ བཟོ་ནི་ཡོད་རུང་ ཁོ་གི་ལུག་ཆ་མཉམ་ར་ ལོ་༡ གི་ནང་འཁོད་ལུ་ སྤྱང་ཁྱི་ཚུ་གིས་ ཟ་ཚར་ཡོདཔ་ཨིན་པས།
བཟོ་བོ་པ་སངས་ཀྱིས་ སླབ་མིའི་ནང་ གཡུས་སྒོ་ཚུ་ནང་ ཉིན་མར་ གསོ་ཁྱི་རེ་གཉིས་མ་གཏོགས་ སྤྱང་ཁྱི་ཚུ་ མཐོང་ནི་ར་མེད་རུང་ ནུབ་མོར་འབད་བའི་བསྒང་ལས་ སྤྱང་ཁྱི་ཁྱུ་སྦེ་འོང་སྟེ་ ལུག་ཚུ་ལུ་ གནོདཔ་བཀལཝ་མས་ཟེར་ཨིན་པས།
སག་སྟེང་གི་དམངས་མི་ ལྷུན་གྲུབ་ཀྱིས་འབད་བ་ཅིན་ ལུག་གསོ་སྐྱོང་འཐབ་མི་ཚུ་ལུ་ སྤྱང་ཁྱི་དང་ རི་དྭགས་སེམས་ཅན་གཉིས་ཆ་ར་ལས་ གདོང་ལེན་སྦོམ་བྱུང་སྟེ་ཡོད་ཟེར་ཨིན་པས།

ན་ཧིང་ སྤྱི་ཟླ་༡༠ པའི་ནང་ སག་སྟེང་སྒམ་རི་ཆུའི་མཐའ་མར་ ལུག་དག་པ་ཅིག་ རྩྭ་ཟ་སར་ མཐོང་གསལ་བྱུང་པའི་བསྒང་།

ནོར་རྫིཔ་ཚུ་གིས་ གནམ་བྱཱར་གྱི་སྐབས་ རང་སོའི་ལུག་ཚུ་ གཡག་དང་གཅིག་ཁར་ རི་ཁར་བདའ་འགྱོཝ་ད་ འཕརཝ་དང་ དོམ་ཚུ་གིས་ གནོདཔ་བཀལ་དོ་ཡོདཔ་མ་ཚད་ གནམ་དགུན་ལུ་ ས་དམའ་ས་ལུ་ གནས་སྤོ་འོངམ་ད་ སྤྱང་ཁྱི་ཚུ་གིས་ གནོདཔ་བཀལ་བའི་ དཀའ་ངལ་ཡོད་ཟེར་ཨིན་པས།
དམངས་མི་གིས་འབད་བ་ཅིན་ ནོར་རྫིཔ་ཚུ་གིས་ ཁོང་གི་ལུག་དེ་ཚུ་ སྤྱང་ཁྱི་དང་ རི་དྭགས་སེམས་ཅན་ཚུ་གིས་ བསད་མི་དེ་ལུ་ རྒུད་འཐུས་སྤྲོད་དགོཔ་འདུག་ཟེར་ རྒེད་འོག་བདག་སྐྱོང་ལུ་ ཞུ་བ་འབདཝ་མས་ཟེར་ཨིནམ་ད་ ལུག་གསོ་སྐྱོང་འཐབ་མི་ མར་བབས་སོང་མི་ལུ་བརྟེན་ བལ་ཐོབ་པར་ ལཱ་ཁག་ཡོདཔ་ལས་ སག་སྟེང་དང་ མེ་རག་མི་སྡེའི་ རང་ལུགས་ཀྱི་ གྱོན་ཆས་ལག་ལེན་ མར་ཉམས་འགྱོ་བའི་ ཚ་གྱང་ཡོད་ཟེར་ཨིན་པས།
ད་རེས་ནངས་པར་ ཁོང་རའི་གྱོན་ཆས་ ཐགས་འཐག་ནིའི་དོན་ལུ་ བལ་ཚུ་ རྒྱ་གར་ཏ་ཝང་ལས་ ནང་འདྲེན་འབད་དོ་ཡོདཔ་ལས་ ཟད་འགྲོ་ཐེབས་གནསཔ་མས་ཟེར་ བཟོ་བོ་པ་སངས་ཀྱིས་ བཤདཔ་ཨིན་པས།
ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ལས་ འཕྲིན་ལས་དབང་འདུས་ཀྱིས་ སླབ་མིའི་ནང་ ཞལ་འཛོམས་ཚུ་གི་སྐབས་ལུ་ འབྱོགཔ་ཚུ་གིས་ ལུག་གི་གྱངས་ཁ་ མར་འབབ་འགྱོ་དོ་ཡོད་པའི་ ཚ་གྱང་ཚུ་ ཞུཝ་ཞུ་སར་ཡོད་རུང་ ད་ལྟོ་ ལུག་གསོ་སྐྱོང་གི་ཚབ་ལུ་ ཐབས་ལམ་གཞན་ ལག་ལེན་འཐབ་སྟེ་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་དངུལ་མེད་མི་ལུ་བརྟེན་ གཅན་གཟན་སྟག་དང་ གངས་གཟིག་ཚུ་གིས་བསད་མི་ སྒོ་ནོར་ཚུ་ལུ་ རྒུད་འཐུས་དུམ་གྲ་རེ་ བྱིན་ནི་ཡོད་རུང་ འཕརཝ་དང་ དོམ་ལ་སོགས་པ་ཚུ་གིས་ བསད་མི་ཚུ་ལུ་ རྒུད་འཐུས་སྤྲོད་ནི་མེད་ཟེར་ཨིན་པས།
དེ་འབདཝ་ད་ སག་སྟེང་རི་དྭགས་སྲུང་སྐྱོབ་ཁང་གིས་ འགྲོ་བ་མི་དང་ རི་དྭགས་སེམས་ཅན་གྱི་ བྲེལ་ཟིང་ལུ་ ཉེན་བཅོལ་ལས་འཆར་ཅིག་ འགོ་བཙུགས་ནི་གི་ འོས་འབབ་བལྟ་དོ་ཡོདཔ་བཞིན་དུ་ མི་ཚུ་གིས་ ལུག་གི་དོན་ལུ་ ཉེན་བཅོལ་འབད་བ་ཅིན་ རི་དྭགས་སེམས་ཅན་གྱིས་ གནོདཔ་བཀལ་མི་ལུ་ རྒུད་འཐུས་སྤྲོད་འོང་ཟེར་ འཕྲིན་ལས་དབང་འདུས་ཀྱིས་ བཤདཔ་ཨིན་པས།
གལ་སྲིད་ ང་བཅས་ཀྱིས་ མ་དངུལ་ཐོབ་པ་ཅིན་ སྒོ་ནོར་ལས་ཁུངས་དང་ མཉམ་འབྲེལ་ཐོག་ མི་སྡེ་ལུ་ ལུག་ཐེབས་བགོ་བཀྲམ་འབད་འོང་ཟེར་ ཁོ་གིས་ བཤད་ཡོདཔ་ད་ ན་ཧིང་ གཞུང་གིས་ མེ་རག་དང་ སག་སྟེང་གི་ མི་སེར་ཚུ་ལུ་ ལུག་གསོ་སྐྱོང་འཐབ་ནིའི་ བརྩོན་ཤུགས་བསྐྱེད་ཐབས་ལུ་ ལུག་དག་པ་ཅིག་ རིན་མེད་སྟོང་པར་ མཁོ་སྤྲོད་འབད་ཡོདཔ་ཨིན་པས།
མེ་རག་དང་ སག་སྟེང་གི་ལུག་ཚུ་ བོད་ཀྱི་ཤར་ལྷོ་ མཚོ་ནག་ལས་ བྱུང་ཡོདཔ་སྦེ་ ཆ་བཞག་སྲོལ་ཡོད་མི་དེ་ཡང་ སག་སྟེང་དང་ སྤྱི་ལོ་༡༣༤༧ དེ་ཅིག་ཁར་ བོད་ཡར་ལུང་གི་རྒྱལཔོ་ འདྲེ་བའམ་ ཡ་བུ་བཟང་པོ་ཟེར་ ཞུ་མི་དེ་ བཀྲོངས་པའི་ཤུལ་ལུ་ མེ་རག་གི་གནས་བདག་ ཨ་མ་ཇོ་མོ་གིས་ འགོ་ཁྲིད་འབད་དེ་ མི་སྡེ་ཚན་ཅིག་ རྒྱ་གར་ཨ་རུ་ན་ཅཱལ་ པར་དེཤ་བརྒྱུད་དེ་ སག་སྟེང་ཁ་ཐུག་ལུ་ བྱོག་འོང་པའི་སྐབས་ ལུག་དང་ གཡག་དག་པ་ཅིག་ བདའ་འོང་ཡོད་པའི་ ལོ་རྒྱུས་བཤད་ནི་འདུག།
རྒྱལཔོ་ཡ་བུ་བཀྲོངས་དགོ་མི་དེ་ཡང་ རྒྱལ་པོའི་ཕོ་བྲང་གི་ ཤར་ཁ་ཐུག་ལུ་ཡོད་པའི་ རིའི་སྤྱི་ཏོག་རིངམོ་ཡོད་མི་དེ་གིས་ ཉིམ་བཀག་སྟེ་ ཉི་མའི་འོད་ཕོག་ནི་མེདཔ་ལས་ རྒྱལཔོ་དེ་གིས་ མི་སེར་ཚུ་བཀུག་སྟེ་ རིའི་སྤྱི་ཏོག་ བཅད་དགོ་པའི་ བཀའ་རྒྱ་གནང་མི་ལུ་བརྟེན་ཨིན་པས།
དེ་བསྒང་ ལུང་ཕྱོགས་དེ་གི་གནས་བདག་ ཨ་མ་ཇོ་མོ་ཟེར་ ལྷ་མོ་རེ་མ་ཏི་གིས་ མི་སེར་ཚུ་ལུ་ དཀའ་སྡུག་སྦོམ་མྱོང་ཡོདཔ་མཁྱེན་ཏེ་ མོ་གིས་ ཨམ་སྲུ་རྒྱབ་ཁར་ ཨ་ལོ་འབག་མི་ཅིག་ལུ་སྤྲུལ་ཏེ་ ས་གནས་དེ་ཁར་ བྱོན་ཞིནམ་ལས་ ལཱ་འབད་མི་ཚུ་ལུ་ རི་མགོ་བཅདཔ་ལས་ མི་མགོ་བཅདཔ་འཇམ་ཟེར་སླབ་ད་ མི་ཚུ་གིས་ ཧ་གོ་སྟེ་ རྒྱལཔོ་ཡ་བུ་དེ་ བཀྲོང་ནི་གི་ འཆར་གཞི་ བརྩམས་པའི་ཤུལ་ལུ་ མཛར་ཅུམ་དང་བཅས་ དགའ་སྤྲོ་སྟོན་པའི་སྐབས་ རྒྱལཔོ་ཆང་འགྲངསམ་ད་ བཀྲོངས་ནུག་ཟེར་ ངག་རྒྱུན་ལོ་རྒྱུས་བཤད་སྲོལ་འདུག།
ཨ་མ་ཇོ་མོ་དང་ སྡེ་ཚན་དེ་ ཉག་ཆུང་ལ་ཟེར་མི་ སག་སྟེང་དང་ མེ་རག་གི་བར་ན་ ལ་སྦོམ་ཅིག་ཡོད་མི་དེ་ བརྒལ་འགྱོཝ་ད་ རྒན་རྒས་དང་ ཁེ་རྒོ་མེད་མི་ དེ་ལས་ ཞན་འཁོགས་ཚུ་ ལ་བརྒལ་མ་ཚུགས་པར་ ལུས་པའི་སྐབས་ ཨ་མ་ཇོ་མོ་གིས་ ལ་མཐོ་ས་ལས་ རྒྱབ་ལོག་གཟིགསཔ་ད་ སྦ་དང་ས་ཐང་ཡོད་མི་ སག་སྟེང་གཟིགས་མི་ལུ་བརྟེན་ དེ་འཕྲོ་ལས་ སྦ་དང་ཧི་མ་ཚུ་ བརྫམས་ཞིནམ་ལས་ མི་རྒན་རྒས་དང་ ཞན་འཁོགས་ཚུ་གི་དོན་ལུ་ སག་སྟེང་གཡུས་ཚན་དེ་ གཞིས་བཅགས་ཡོདཔ་ད་ མི་ཚུ་གིས་ ལུང་གཤོང་དེ་གི་མིང་ སག་སྟེང་ཟེར་ སླབ་མི་དེ་ཡང་ འབྱོགཔ་གི་ཁ་སྐད་ནང་ སྦ་ལུ་ སག་དང་ ཐང་ལུ་ སྟེང་སླབ་ནི་དེ་གིས་ མིང་ཡང་སག་སྟེང་ཟེར་ དར་ཁྱབ་སོང་ཡོདཔ་ཨིན་པས།
དེ་ལས་ ཨ་མ་ཇོ་མོ་གིས་ གཟུགས་སྟོབས་སྒྲིང་སྒྲི་དང་ མི་ངར་ཡེང་ཚུ་ ཉག་ཆུང་ལ་ལ་བརྒལ་ཏེ་ མེ་རག་ལུ་ གཞིས་བཅགས་ཡོདཔ་ད་ མེ་རག་ཟེར་ སླབ་མི་དེ་ཡང་ ཚལ་མ་མེ་བཏང་སྟེ་ གཡུས་ཚན་ཆགས་མི་ལུ་བརྟེན་ཨིནམ་སྦེ་ སླབ་སྲོལ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *