ལྟ་བཤལཔ་ཚུ་གི་དོན་ལུ་ འོས་འབབ་ཡོད་མི་ སག་སྟེང་གི་ལུང་གཤོང་།

སག་སྟེང་དང་ མེ་རག་ལུ་ ལྟ་བཤལ་གྱི་ འོས་འབབ་ཡོད་རུང་ ལྟ་བཤལཔ་འོང་ནི་མེདཔ།

༉ བཀྲིས་སྒང་སག་སྟེང་དང་ མེ་རག་རྒེད་འོག་༢ ནང་ ལྟ་བཤལ་གྱི་ གོ་སྐབས་སྦོམ་ཡོད་རུང་ ལྟ་བཤལཔ་རེ་གཉིས་མ་གཏོགས་ འོང་ནི་མེདཔ་ཨིན་པས།
དེ་ཡང་ རྒེད་འོག་གཉིས་ནང་ ལྟ་བཤལཔ་ཚུ་ གནད་དོན་ག་ཅི་ལུ་བརྟེན་ འོང་ནི་མེདཔ་ཨིན་ན་ ཏན་ཏན་སྦེ་ སླབ་ནི་མེད་རུང་ ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ ཤར་ཕྱོགས་ཁ་ཐུག་ལུ་ གཞུང་ལམ་ལེགས་ཤོམ་མེད་པའི་ཁར་ ཡོན་ཕུ་ལ་ནང་འཁོད་གནམ་གྲུ་ཐང་ལུ་ གནམ་གཤིས་གནས་སྟངས་ཀྱི་ དཀའ་ངལ་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
སག་སྟེང་རི་དྭགས་སྲུང་སྐྱོབ་ཡིག་ཚང་གིས་ སག་སྟེང་དང་ མེ་རག་ལུ་ སྤྱི་ལོ་༢༠༠༨ ལས་ ད་ཚུན་གྱི་བར་ན་ ལྟ་བཤལཔ་༦༦༨ དེ་ཅིག་ལས་བརྒལ་ མ་འོང་པའི་ཁར་ དེ་ནང་ལས་ སྤྱི་ལོ་༢༠༡༤ ལུ་ ལྟ་བཤལཔ་༡༠༩ འོང་མི་དེ་ མཐོ་ཤོས་ཨིནམ་སྦེ་ ཐོ་བཀོད་འབད་ནུག།
སག་སྟེང་གི་རྒཔོ་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ སག་སྟེང་དེ་ རང་བཞིན་གནས་སྟངས་དང་ ཨམ་ཇོ་མོའི་གནས་ དེ་ལས་ སག་སྟེང་པའི་ སྔར་སྲོལ་ལམ་ལུགས་ལེ་ཤ་ཡོདཔ་ལས་ ལྟ་བཤལཔ་ཚུ་ འོང་ནི་གི་ འོས་འབབ་ཡོདཔ་བཞིན་དུ་ འཆར་གཞི་༡༢ པའི་ནང་ འཁོར་ལམ་ཡང་ རྩི་ནག་གཏང་ནིའི་ འཆར་གཞི་ཡོདཔ་མ་ཚད་ མི་སེར་ཚུ་གིས་ཡང་ ལྟ་བཤལ་པའི་ མགྱོན་ཁྱིམ་དང་ སྡོད་ས་བཟོ་བའི་བསྒང་ཡོད་ཟེར་ཨིན་པས།
སག་སྟེང་པ་ ཚེ་རིང་གྲགས་པ་གིས་ སླབ་མིའི་ནང་ ལྟ་བཤལཔ་སྡོད་སའི་ཁྱིམ་ཚུ་ ལེགས་ཤོམ་བཟོ་རུང་ ལྟ་བཤལཔ་དེ་ཅིག་ར་ འོང་ནི་མེདཔ་ལས་ ལོ་གཅིག་ནང་ འོང་འབབ་མཐོ་ཤོས་དངུལ་ཀྲམ་༢༠,༠༠༠ རྐྱངམ་གཅིག་ བཟོ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྟ་བཤལཔ་ལས་སྡེ་ ལ་ལོ་ཅིག་གིས་ ལྟ་བཤལཔ་སག་སྟེང་ལུ་ འཁྱིད་འོང་སྟེ་ ང་བཅས་རའི་ ལམ་སྲོལ་བལྟ་ཞིནམ་ལས་ དེ་ཚེ་ར་ ལོག་འགྱོཝ་མས་ཟེར་ཨིན་པས།
སག་སྟེང་རི་དྭགས་སྲུང་སྐྱོབ་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ ལྟ་བཤལཔ་ཚུ་སྡོད་སར་ གྲོང་གསེབ་ནང་དང་ གླིང་གའི་ས་ཁོངས་ནང་ བཟོ་ཡོད་མི་ལས་ གདམ་ཁ་སྤྲོད་དོ་ཟེར་ བཤད་པའི་ཁར་ སག་སྟེང་དང་ མེ་རག་ལུ་ གྲོང་གསེབ་ནང་ སྡོད་ས་བཟོ་ནིའི་དོན་ལུ་ གླིང་ག་ལས་ མི་༤༦ ལུ་ མཐུན་རྐྱེན་ཚུ་ མཁོ་སྤྲོད་འབད་དེ་ཡོད་ཟེར་ བཤདཔ་ཨིན་པས།
རི་དྭགས་སྲུང་སྐྱོབ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ལྟ་བཤལ་པའི་དོན་ལུ་ རི་དྭགས་སྲུང་སྐྱོབ་ས་ཁོངས་ནང་ ཨེ་ཏོག་མེ་ཏོག་རིགས་མ་འདྲཝ་༤༦ ཡོད་ས་ལས་༤༢ དང་ བྱ་རིགས་མ་འདྲཝ་༢༨༠ མཚོ་མ་འདྲཝ་༡༠༣ སེམས་ཅན་གྱི་རིགས་༣༧ དེ་ཅིག་ བལྟ་ནི་གི་ གོ་སྐབས་ཡོད་ཟེར་ཨིན་པས།
འགོ་དཔོན་ཅིག་གིས་ བཤད་མིའི་ནང་ རྒྱལ་རབས་ནང་ཡོད་པའི་ མཆོད་རྟེན་གནག་པོ་དང་ ཨམ་ཇོ་མོའི་གནས་ དེ་ལས་ མཁའ་འགྲོ་འགྲོ་བ་བཟང་མོའི་གནས་ཚུ་ མཇལ་ནི་གི་ གོ་སྐབས་ཚུ་ཡོདཔ་མ་ཚད་ ཉིན་གྲངས་༧ གྱི་རིང་ལུ་ རྐང་འགྲུལ་སྦེ་འགྱོ་སའི་ ལམ་ཡང་ཡོད་ཟེར་ཨིན་པས།
སྐྱེས་ལོ་༦༡ ལང་མི་ ལས་སྐྱིད་གྲགས་པ་གིས་ ལྟ་བཤལ་པའི་དོན་ལུ་ ཅ་ཆས་མ་འདྲཝ་ལེ་ཤ་ མཁོ་སྒྲུབ་འབད་དེ་ཡོད་རུང་ མགྱོནམ་འོང་ནི་མེདཔ་ལས་ གདན་མལ་ཆ་ཚུ་ཡང་ བྱི་ཙི་གིས་ ཟ་ཚར་དོ་ཟེར་ བཤདཔ་ཨིན་པས།
སྐྱེས་ལོ་༦༥ ལང་མི་ པ་སངས་ཀྱིས་ སླབ་མིའི་ནང་ ལྟ་བཤལཔ་འོང་ནིའི་དོན་ལུ་ རི་དྭགས་སྲུང་སྐྱོབ་ཡིག་ཚང་ལས་ རྒྱབ་སྐྱོར་ཡོད་རུང་ ལྟ་བཤལཔ་འོང་ནི་མེད་པ་ཅིན་ ཟད་འགྲོ་འཕྲོ་བརླག་འགྱོཝ་མས་ཟེར་ཨིནམ་ད་ གྲོང་གསེབ་ནང་ བལྟ་བཤལཔ་བཞག་ནིའི་དོན་ལུ་ མི་སེར་ཚུ་ལུ་ བཟའ་འཐུང་གི་ སྦྱོང་བརྡར་དང་ སྡོད་ས་ག་དེ་སྦེ་ བཞག་ནི་ཨིན་ནའི་སྐོར་ རི་དྭགས་སྲུང་སྐྱོབ་ཡིག་ཚང་གིས་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་པས།
ཡིག་ཚང་དེ་གིས་ སྐྱེ་ལྡན་གནས་སྟངས་དང་འབྲེལ་བའི་ ལྟ་བཤལ་གོང་འཕེལ་གཏང་ནིའི་ལཱ་དེ་ སྤྱི་ལོ་༢༠༠༨ ལས་ར་ འབད་ཡོདཔ་བཞིན་དུ་ ལྟ་བཤལ་ལྟེ་བ་དང་ ཧ་ཅུང་གདོང་དཀར་བལྟ་ནིའི་ ཀ་རིང་རྐྱབ་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། སག་སྟེང་།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *