སག་སྟེང་རྒེད་འོག་གི་ས་གནས་ རྟ་ལོག་ཟེར་སར་ འཁོར་ལམ་ཆད་ཡོད་པའི་ མཐོང་སྣང་།

སག་སྟེང་དང་ བཀྲིས་སྒང་གི་བར་ན་ སྣུམ་འཁོར་རྒྱུན་འབྲེལ་འཐབ་མ་ཚུགས་པར་ ཟླཝ་ལང་ཡོདཔ།

༉ བཀྲིས་སྒང་ སག་སྟེང་རྒེད་འོག་གི་ས་གནས་ རྟ་ལོག་ཟེར་སར་ འཁོར་ལམ་ཆད་མི་ལུ་བརྟེན་ སག་སྟེང་དང་ བཀྲིས་སྒང་གི་བར་ན་ སྣུམ་འཁོར་ཚུ་ རྒྱུན་འབྲེལ་འཐབ་མ་ཚུགས་པར་ ཟླཝ་ལྷགཔ་ཅིག་ ལང་ཡོདཔ་ཨིན་པས།
དེ་ཡང་ འཁོར་ལམ་གྱི་ལྟག་ལས་ ས་རུད་ཆད་མི་དང་ ལ་མཐོ་ས་ལུ་ ཆརཔ་མ་ཆད་པར་རྐྱབ་མི་དེ་གིས་ བསུབས་ཡོདཔ་ཨིན་པས།
སྐྱེས་ལོ་༦༢ ལང་མི་ ལས་སྐྱིད་གྲགས་པ་གིས་ སླབ་མིའི་ནང་ རྒྱུན་འབྲེལ་འཐབ་མ་ཚུགས་པར་ ཟླཝ་ལྷག་དོ་ཟེར་ཨིནམ་ད་ ལོ་ཨ་རྟག་ར་ ས་གནས་དེ་ཁར་ ས་རུད་ཆད་དོ་ཡོདཔ་ལས་ རྐང་སྟོང་སྦེ་ འགྲོ་འགྲུལ་འབད་དགོཔ་ ཐོནམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སག་སྟེང་པ་ཚུ་ ཉོ་ཚོང་རྐྱབ་པར་ བཀྲིས་སྒང་དང་ རང་བྱུང་ལུ་འགྱོ་དགོཔ་ལས་ འཁོར་ལམ་བསུབས་མི་དེ་གིས་ བཟའ་འཐུང་ཚུ་ ག་དེ་སྦེ་ལང་ཚུགས་གའི་ དོགས་པ་ཡོད་ཟེར་ཨིནམ་ད་ འཁོར་ལམ་མཐུད་འབྲེལ་ཡོད་རུང་ ཁུངས་མིན་འདུག་ཟེར་ཨིན་པས།
ས་གནས་ཀྱི་ཚུ་གིས་ སླབ་མིའི་ནང་ སག་སྟེང་པ་ཚུ་ ན་ནི་ཚ་ནི་མངམ་ལས་ ནདཔ་ཚབས་ཅན་འཐོན་ཨིན་པ་ཅིན་ ལཱ་ཁག་གཏང་ནི་མས་ཟེར་ཨིནམ་ད་ ཐོག་ཆགས་མེད་པར་ རྒྱུན་འབྲེལ་འཐབ་ཚུགསཔ་སྦེ་ ནམ་འགྱོ་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
ཚོང་པ་ ཚེ་རིང་གྲགས་པ་གིས་ སླབ་མིའི་ནང་ ཚོང་བཏོན་པར་འགྱོ་རུང་ དང་ཕུ་བཟུམ་སྦེ་ རྟ་བདའ་སྟེ་ འགྱོ་དགོ་པས་ཟེར་ཨིནམ་ད་ ས་གནས་དེ་ཁར་ལས་ རྟ་ཡང་ཐལ་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ སག་སྟེང་ལས་ སྣུམ་འཁོར་ཚུ་ རྟ་ལོག་ཚུན་ཚོད་དང་ བཀྲིས་སྒང་ལས་ ས་གནས་དེ་ཁར་ཚུན་ཚོད་ ཚོང་ཆས་ཚུ་ འབག་ཞིནམ་ལས་ རྟ་གུ་སྐྱེལ་འདྲེན་འབད་དོ་ཟེར་ཨིནམ་ད་ ལས་མི་དང་རྟ་ཚུ་ འཚོལ་དགོ་ནི་དེ་གིས་ རྒུད་ཕོགཔ་མས་ཟེར་ཨིན་པས།
སག་སྟེང་པ་ཚུ་གིས་འབད་བ་ཅིན་ ས་གནས་ནང་ ཆུ་ཐོན་མི་དེ་གིས་ ཨ་རྟག་ར་ ས་རུད་ཆདཔ་མས་ཟེར་ཨིནམ་ད་ འཁོར་ལམ་དེ་ གཞན་ཁར་ལས་བཏོན་གནང་པ་ཅིན་ དྲག་ནི་མས་ཟེར་ཨིན་པས།
སག་སྟེང་རྒཔོ་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ས་གནས་ནང་ ལོ་བསྟར་བཞིན་དུ་ ལམ་བསུབས་དོ་ཡོདཔ་ལས་ སྤྱི་ལོ་༢༠༡༧ ལུ་ རྫོང་ཁག་བདག་སྐྱོང་ནང་ འཁོར་ལམ་བསྒྱུར་བཅོས་འབད་དགོ་པའི་སྐོར་ལས་ ཞུ་ཡིག་བཙུགས་ཡི་ཟེར་ཨིནམ་ད་ ལམ་སེལ་ལུ་ཡང་ ཞུ་བ་འབད་ཡི་ཟེར་ཨིན་པས།
འཁོར་ལམ་བསལ་ཏེ་ ལོ་༣ དེ་ཅིག་ལང་རུང་ ས་རུད་ཆད་དེ་ར་སྡོད་དོ་ཡོདཔ་ལས་ ཞི་གཡོགཔ་དང་ ས་གནས་ཀྱི་ཚུ་གིས་ འཁོར་ལམ་བསལ་དགོ་པའི་སྐོར་ལས་ དབུ་ཚུགས་རྐྱབ་དོ་ཡོདཔ་ལས་ ག་ཅི་འབད་ནི་ཨིན་ན་ཡང་ མི་ཤེས་པས་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ འཕྲལ་ཁམས་གཅིག་ཁར་ རྫོང་ཁག་ལས་ སག་སྟེང་དང་བཀྲིས་སྒང་ལུ་ འགྲོ་འགྲུལ་འབདཝ་ད་ ཉིནམ་༢ ཀྱི་འཐུས་ཐོབ་མི་ཡང་ མེདཔ་བཟོ་དོ་ཟེར་བའི་ ཁྱབ་བསྒྲགས་ལྷོད་ཡོདཔ་ལས་ འཁོར་ལམ་ལེགས་ཤོམ་མེད་པ་ཅིན་ རྒུད་ཤོས་ར་ ས་གནས་ཀྱི་ ཞི་གཡོགཔ་ཚུ་ཨིན་མས་ཟེར་ ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ གཞན་མི་རྒེད་འོག་བཟུམ་སྦེ་ འཁོར་ལམ་ལེགས་ཤོམ་མེདཔ་ལས་ གཞུང་གིས་ ཐོབ་ལམ་མེདཔ་བཟོ་བ་ཅིན་ ཉམས་མྱོང་ཅན་གྱི་ཞི་གཡོགཔ་ཚུ་ སག་སྟེང་ལུ་ འོང་མི་བཏུབ་ནི་མས་ཟེར་ཨིནམ་ད་ དཀའ་ཚེགས་ཀྱི་འཐུས་དེ་ དེ་སྦེ་ར་བཞག་པ་ཅིན་ དྲག་ནི་མས་ཟེར་ཨིན་པས།
ལས་འགུལ་བཟོ་རིག་འགོ་དཔོན་ ཆོས་སྐྱིད་དབང་ཕྱུག་གིས་ སླབ་མིའི་ནང་ ས་གནས་རྟ་ལོག་ལུ་ ལམ་སྒོར་ལྟབ་༢ ཡོདཔ་ལས་ འཁོར་ལམ་སེལ་བའི་སྐབས་ བླུགས་བཞག་མི་ས་ཚུ་ཆད་དེ་ འཁོར་ལམ་སོ་སོར་ནང་ བསུབས་བཞགཔ་མས་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཞབས་ཏོག་ལྷན་ཁག་ལས་ སའི་གནས་སྟངས་ ཞིབ་དཔྱད་འབད་བར་འོང་ཡི་ཟེར་ཨིནམ་ད་ ས་གནས་དེ་ རྩིགཔ་རྐྱབ་པ་ཅིན་ བརྟན་ཏོག་ཏོ་འགྱོ་ནི་མས་ཟེར་བའི་ གྲོས་འདེབས་བཀོད་ཡོདཔ་ལས་ འཁོར་ལམ་ཁ་བསྒྱུར་འབད་ནི་དེ་ བཞག་དགོཔ་ཐོན་ཡི་ཟེར་ཨིན་པས།
ཨིན་རུང་ རྩིགཔ་རྐྱབ་རུང་ ཟད་འགྲོ་ལེ་ཤ་གནས་ནི་ཨིནམ་ལས་ ལྷན་ཁག་ལུ་ འཁོར་ལམ་དེ་ ཁ་བསྒྱུར་གཏང་པ་ཅིན་ དྲག་ནི་མས་ཟེར་བའི་ གྲོས་འཆར་བཙུགས་ཏེ་ཡོད་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།
མི་སེར་ཚུ་ རྒྱུན་འབྲེལ་འཐབ་ཚུགས་ནིའི་དོན་ལུ་ འཁོར་ལམ་བསུབས་མི་ཚུ་ ལམ་སེལ་ལས་ཁུངས་ཀྱིས་ བསལ་ཏེ་ཡོད་རུང་ ས་གནས་དེ་ཁར་ རྒྱ་སྦོམ་ར་ བསུབས་མི་དང་ རྒྱུན་མ་ཆད་པར་ཆད་མི་ལུ་བརྟེན་ བསལ་མ་ཚུགས་པར་ཡོདཔ་ཨིན་པས།
བཀྲིས་སྒང་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱིས་ འཁོར་ལམ་ཁ་བསྒྱུར་གཏང་སྟེ་ བསལ་ནི་ཨིན་རུང་ ལམ་ཐད་ཕྲང་སྟེ་བསལ་ནིའི་དོན་ལུ་ ལྷན་ཁག་གི་གནང་བ་ལུ་ སྒུག་སྟེ་ཡོད་ཟེར་ཨིནམ་ད་ དེའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢.༡ དེ་ཅིག་ ཚོད་རྩིས་བཏོན་ཏེ་ཡོད་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *