སག་སྟེང་གི་ལུང་གཤོང་།

སག་སྟེང་གི་ མི་སེར་ཚུ་གིས་ ཨ་མ་ཇོ་མོ་ལུ་ གནས་བདག་སྦེ་ སྐྱབས་མགོན་ཞུ་བའི་གནད་ཁུངས།

ག་ནི་བ་ སྐྱིད་ཉམས་ལྡན་པའི་ ལུང་གཤོང་ནང་ སྡོད་ཁྱིམ་ཅོག་གཅིགཔ་འབད་མི་ གདང་རས་ནང་ལས་སྦེ་འགྱོཝ་ད་ ཁྱིམ་ཚུ་གི་མཐའ་མར་ ལྷོད་པའི་སྐབས་ ཤུག་པ་ཤིང་ཆ་༡ དང་ ཟངས་མདོག་དཔལ་རི་ལྷ་ཁང་གི་ བཟོ་བཀོད་དང་འདྲ་བའི་ ཐོག་ཚད་༡ འབད་མི་ ལྷ་ཁང་ཅིག་གིས་ གདོང་བསུ་འབདཝ་མས།

ས་ཁོངས་དེ་ཁ་ལས་ གཡོན་ཕྱོགས་ཁ་ཐུག་ལུ་ལྟཝ་ད་ ལུང་གཤོང་གིས་བཅད་དེ་ སྒམ་རི་ཆུའི་མཐའམ་ རྒྱ་ཐང་བཟུམ་སྦེ་ མཐོང་གསལ་བྱུངམ་ད་ ཚོར་སྣང་མ་འདྲཝ་སྦེ་ར་ འབྱུང་ནི་འདུག།

ལྷ་ཁང་དེ་ནང་ དྲོ་པ་དང་ ཕྱི་རུ་མ་གཏོགས་ གཞན་དྲིལ་སྐད་དང་ རོལ་སྐད་ རྔ་སྐད་ལ་སོགས་པ་ ག་ནི་ཡང་ གོ་ནི་མེདཔ་ལས་འགོ་དང་པ་ ལྷོད་མི་ཚུ་ལུ་ གུང་སྟོང་ཨིན་པའི་ ཚོར་སྣང་འབྱུང་ནི་ཨིན་མས།

འདི་འབདཝ་ད་ ལྷ་ཁང་དེ་ བཀྲིས་སྒང་རྫོང་ཁག་ སག་སྟེང་ལུང་གཤོང་ནང་སྡོད་མི་ མི་སེར་ཚུ་གི་དོན་ལུ་ ཁོང་རའི་ སྐྱེས་ལ་ཡུལ་ལྷ་དང་ གནས་བདག་བཞུགས་སའི་ གནས་ཁང་རྩ་ཆེ་ཤོས་ཅིག་ཨིནམ་ད་ དེ་ཡང་ ཨམ་ཇོ་མོའི་བཙན་ཁང་དང་ གནས་ཁང་ཨིན་པས།

དམངས་མི་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ སག་སྟེང་གི་ མི་སྡེའི་དོན་ལུ་ ཕྱལ་འཚལ་སའི་རྟེན་འབད་རུང་ དབུ་ལྷ་དང་ སྐྱབས་མགོན་ཞུ་སའི་ གནས་བདག་ཟེར་རུང་ ཨ་མ་ཇོ་མོ་ཨིནམ་ལས་ ང་བཅས་ཀྱི་ མི་སེར་ཚུ་ གནས་སྐོར་དང་ ཚོང་འབྲེལ་ལ་སོགས་པའི་དོན་ལུ་ ཕར་ཚུར་འགྱོ་བའི་སྐབས་ ལམ་འགྲོ་ལེགས་ཤོམ་ འོང་ནི་དང་ མནོ་དོན་འགྲུབ་ནིའི་དོན་ལུ་ ཇོ་མོ་བཙན་ཁང་ནང་སོང་སྟེ་ གསེར་སྐྱེམས་ཕུལ་ སྐྱབས་ཞུ་སྟེ་ འགྱོ་ནི་ཡོད་ཟེར་ཨིན་མས།

ཨམ་ཇོ་མོ་དེ་ དུས་རབས་༡༣ པའི་ནང་ བོད་ལས་མར་ རྒྱ་གར་ཏ་ཝང་བརྒྱུད་དེ་བྱོནམ་ད་ སག་སྟེང་དང་ མེ་རག་གཉིས་ཆ་ར་ གཞིས་ཆགས་གནང་ཡོདཔ་སྦེ་ ས་གནས་ཀྱི་ མི་སེར་ཚུ་གིས་ བཤད་ཡོདཔ་ད་ ལྷ་ཁང་གི་ལྟག་ལུ་ ཤུག་པ་ཤིང་སྦོམ་༢ ཡོད་མི་དེ་ ཨམ་ཇོ་མོའི་ ཕྱག་འཁར་ཨིནམ་སྦེ་ བརྩིཝ་མ་ཚད་ ཤིང་དེ་གཉིས་ཀྱི་རྩ་བར་ གནས་རྡོ་༢ ཡོད་མི་ལས་ རྡོ་ཆུང་ཀུ་དེ་ ཨམ་ཇོ་མོའི་སྲསམོ་ཆུང་ཤོས་ཨིནམ་སྦེ་ ཆ་བཞགཔ་ཨིན་ཟེར་ དམངས་མི་ལྷུན་གྲུབ་ཀྱིས་ བཤདཔ་ཨིན་པས།

དེ་ལས་ གནས་རྡོ་གཞན་གུ་ སྟག་གི་རྐང་རྗེས་ཡོད་མི་དེ་ གལ་སྲིད་ ཨམ་ཇོ་མོ་ཁྲོས་པ་ཅིན་ གཅན་གཟན་སྟག་དང་ འཕརཝ་ལ་སོགས་པ་ཚུ་གིས་ མི་དང་སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་ནི་གི་ རྟགས་མཚན་ཨིནམ་སྦེ་ ཆ་བཞགཔ་ཨིན་ཟེར་ དམངས་མི་གིས་ བཤད་པའི་ཁར་ ལྷ་ཁང་དེ་ནང་ སྐུ་རྟེན་གཙོ་བོ་ ཨམ་ཇོ་མོའི་ སྐུ་འདྲ་དང་ བཀའ་གདམས་མཆོད་རྟེན་ཅིག་ཡོདཔ་ཨིན་རུང་ དེ་ཚེ་ ནམ་བཞེངས་ཡོདཔ་ཨིན་ན་ ག་གིས་ཡང་ མི་ཤེས་པས་ཟེར་ སླབ་ཨིན་པས།

སག་སྟེང་གི་ མི་སེར་ཚུ་གིས་ ཨ་མ་ཇོ་མོ་ལུ་ དུས་རྒྱུན་དུ་ གསོལ་ཁ་ཕུལ་གསོལ་ཡོདཔ་མ་ཚད་ རང་ཟླ་༣ པའི་ནང་ འབུམ་སྡེ་བཟུང་པའི་ཤུལ་ལས་ ཚེས་༡༥ ལུ་ ཚོགས་འཁོར་བསྐོར་སྲོལ་ཡོད་པའི་ཁར་ རང་ཟླ་༦ པའི་ནང་ བཀའ་འགྱུར་དག་ཚར་དང་ ཚེས་༡༥ ལུ་ ད་རུང་ ཚོགས་འཁོར་བསྐོར་བའི་གུ་ རང་ཟླ་༩ པའི་ཚེས་༡༥ ལུ་ གཏང་རག་ཕུལ་ནི་ཡོད་ཟེར་ཨིན་པས།

ཨ་མ་ཇོ་མོ་དེ་ སག་སྟེང་རྐྱངམ་གཅིག་གི་དོན་ལུ་མེན་པར་ མེ་རག་གི་ མི་སེར་ཚུ་གི་དོན་ལུ་ཡང་ གནས་བདག་གཙོ་བོ་ཅིག་ཨིན་པས།

སག་སྟེང་དང་ མེ་རག་ལུ་ གཞིས་ཆགས་ཚུལ།

རྒྱ་གར་རྡོ་རྗེ་གདན་ལུ་ སངས་རྒྱས་བཅོམ་ལྡན་འདས་ མངོན་པར་རྫོགས་པར་ སངས་རྒྱས་པའི་སྐབས་ བོད་གངས་ལྗོངས་ཀྱི་གྲོང་གཡུས་ ཡར་ལུང་ཟེར་སར་ མ་བྲག་སྲིན་དང་ ཕ་སྤྲིའུ་བྱང་ཆུབ་སེམས་དཔའ་ལུ་ སྲས་༦ ཡོདཔ་ཨིན་པས།

ངག་རྒྱུན་ལོ་རྒྱུས་དང་འཁྲིལཝ་ད་ མེ་རག་དང་ སག་སྟེང་གི་མི་ཚུ་ བྲག་སྲིན་མོ་དང་ སྤྲིའུ་བྱང་ཆུབ་སེམས་དཔའི་ སྲས་༡ གི་རིགས་རྒྱུད་ཅིག་ཨིནམ་སྦེ་ ཆ་བཞགཔ་བཞིན་དུ་ གནས་སྤོ་སྡོད་མི་ འབྱོགཔ་དེ་ཚུ་ མེ་རག་དང་ སག་སྟེང་ལུ་ གནས་སྤོ་མ་འོང་པའི་ཧེ་མ་ བོད་ཡ་མ་རོང་གཡུས་ཚན་ནང་ སྡོད་ཡོདཔ་ཨིན་པས།

དེ་བསྒང་ གཡུས་ཚན་དེ་གི་རྒྱལཔོ་ འདྲེ་བའམ་ ཡ་བུ་བཟང་པ་ོཟེར་མི་དེ་གི་ ཕོ་བྲང་གི་ ཤར་ཁ་ཐུག་ལུ་ཡོད་པའི་ རིའི་སྤྱི་ཏོག་རིངམོ་ཡོད་མི་དེ་གིས་ ཉིམ་བཀག་སྟེ་ ཉི་མའི་འོད་ཕོག་ནི་མེདཔ་ཨིན་མས། ཉིནམ་༡ འབདཝ་ད་ རྒྱལཔོ་དེ་གིས་ མི་སེར་ཚུ་བཀུག་སྟེ་ རིའི་སྤྱི་ཏོག་ བཅད་དགོ་པའི་ བཀའ་གནང་ཡོདཔ་ཨིན་པས།

ལུང་ཕྱོགས་དེ་གི་གནས་བདག་ ཨ་མ་ཇོ་མོ་ཟེར་ ལྷ་མོ་རེ་མ་ཏི་གིས་ མི་སེར་ཚུ་ལུ་ དཀའ་སྡུག་སྦོམ་མྱོང་ཡོདཔ་མཁྱེན་ཏེ་ མོ་གིས་ ཨམ་སྲུ་རྒྱབ་ཁར་ ཨ་ལོ་འབག་མི་ཅིག་ལུ་སྤྲུལ་ཏེ་ ས་གནས་དེ་ཁར་ བྱོན་ཞིནམ་ལས་ ལཱ་འབད་མི་ཚུ་ལུ་ རི་མགོ་བཅདཔ་ལས་ མི་མགོ་བཅདཔ་འཇམ་ཟེར་ སླབ་པའི་སྐབས་ མི་ཚུ་གིས་ ཧ་གོ་སྟེ་ རྒྱལཔོ་ཡ་བུ་དེ་ བཀྲོང་ནི་གི་ འཆར་གཞི་ བརྩམས་ཡོདཔ་ཨིན་པས།

དེ་ལས་ མི་ཚུ་གིས་ ཆང་དང་ གཡག་ཤ་ ལྟོ་ལ་སོགས་པ་འབག་སྟེ་ མཛར་ཅུམ་དང་བཅས་ དགའ་སྤྲོ་སྟོནམ་ད་ རྒྱལཔོ་ཆང་འགྲངསམ་ད་ བཀྲོངས་ནུག་ཟེར་ དམངས་མི་ལྷུན་གྲུབ་ཀྱིས་ ངན་རྒྱུན་ལོ་རྒྱུས་བཤདཔ་ཨིན་པས།

རྒྱལཔོ་བཀྲོངས་པའི་ ཉེས་པ་འཁྲི་མི་ལུ་བརྟེན་ མི་སེར་ཚུ་ དགའཝ་སྐྱིདཔ་སྦེ་ སྡོད་མ་ཚུགས་པར་ ཁོང་རའི་ རྩ་བའི་བླམ་ བྱག་རས་པ་ཟེར་མིའི་ སྐུ་མདུན་ལུ་ བསྐྱར་ཞིནམ་ལས་ ཁོང་ཆ་ཁྱབ་ ས་གནས་དེ་ལས་ ཐག་རིང་གི་ ས་གནས་ཅིག་ནང་ གཞིས་བཅགས་གནང་དགོ་པའི་ ཞུ་བ་ཕུལ་ནུག།

དེ་ཡང་ སྤྱི་ལོ་༡༣༤༧ ལོ་ལུ་ཨིནམ་ད་ དེ་ལས་ བླམ་བྱག་རས་པ་གིས་ ཨ་མ་ཇོ་མོ་ལས་ སྐྱབས་མགོན་ཞུ་སྟེ་ མི་སེར་ཚུ་ སྣ་ཁྲིད་ཐོག་ འབུམ་པོ་ཏི་༣༢ དང་ གཡག་དང་ལུག་ དེ་ལས་ རྒྱུ་ཅ་ལ་ཚུ་འབག་སྦེ་ བོད་མཚོ་ནག་ལས་ རྒྱ་གར་མོན་ཏ་ཝང་ ཤ་འུག་གཡུས་ཚན་ ཁ་ཐུག་ལུ་ འོང་ཡོདཔ་ཨིན་པས།

ཤར་བོམ་དི་ལ་བརྒྱུད་དེ་ དགེ་རོང་བྲག་ལུ་ལྷོདཔ་ད་ ལམ་མེདཔ་ལས་ བླམ་གིས་ རྫུ་འཕྲུལ་སྟོན་ཏེ་ གཡག་དང་ ལུག་ དེ་ལས་ འབུམ་པོ་ཏི་༣༢ བྱག་གུ་ལས་ ཆུ་བབས་མི་ནང་བཀལ་སྟེ་ མོན་ཏ་ཝང་ མཎྜལ་སྒང་ལུ་ ལྷོད་ཡོདཔ་ད་ ད་རེས་ནངས་པར་ ཆོས་པོ་ཏི་ཚུ་ ཆུ་བབས་སའི་ སྦོ་ལོགས་ཁར་ རྡོ་གི་རྣམ་པ་ལུ་ མཇལ་ཚུགས་པའི་ ལོ་རྒྱུས་ཡོདཔ་ཨིན་པས།

དེ་ལས་ འབྲུག་གི་ས་ཁོངས་ སོག་མའི་ཐང་ཟེར་སར་ལྷོད་དེ་ གཞིས་བཅགས་པའི་སྐབས་ གནམ་བྱཱར་ཚད་ནད་དང་ སྦུལ་གྱིས་འབད་མ་ཚུགསཔ་ལས་ བླམ་གིས་ ཐུགས་རྟགས་གཟིགས་པའི་སྐབས་ སག་སྟེང་ཁ་ཐུག་ལུ་ བཟང་ནི་དེ་གིས་ ཕྱོགས་དེ་ཁར་འགྱོཝ་ད་ ལམ་མེད་པར་ བླམ་གི་ནུས་པ་གིས་ བྱག་སྦོམ་དོང་སྤེད་དེ་ ལམ་བཟོ་ཐོག་ལས་ བྱོན་མི་ཚུ་ཡང་ ད་ལྟོའི་བར་ན་ཡང་ མོན་ཏ་ཝང་དང་ སག་སྟེང་གི་ ས་མཚམས་ཁར་ མཇལ་ཚུགསཔ་ཨིན་པས།

མཚོ་ལུང་དེ་ ད་རེས་ མེ་རག་གཡུས་ཚན་གྱི་ རྩྭ་འབྲོག་སྦེ་ ལག་ལེན་འཐབ་ད་ོཡོདཔ་ད་ དེ་ཁ་ལས་ ལུང་ཤུམ་བི་ཐང་ལུ་ གནས་བཅགས་ཏེ་ མེ་རག་ལུང་པ་དང་ སག་སྟེང་ཆགས་ཡོདཔ་མ་ཚད་ བླམ་གིས་ ར་ལྡི་ལུ་ བྱོན་ཞིནམ་ལས་ རྒྱལཔོ་ར་ཁ་ཇོ་བོ་ལུ་ གསེར་ཕུལ་ཏེ་ གཤོང་ཕུག་ལུང་པ་ཡང་ ཉོ་ཡོད་པའི་ ལོ་རྒྱུས་ཡོདཔ་ཨིན་པས།

བླམ་བྱག་རས་པ་དེ་ གྲུབ་ཐོབ་རྣ་རྣམ་པ་ཟེར་མིའི་ སྐུ་ཚབོ་ཨིནམ་ད་ ཁོ་གི་སྲས་དེ་ བྱག་དོན་གྲུབ་ཟེར་ ཞུཝ་ཨིན་པས།

དེ་འབདཝ་ད་ ངག་རྒྱུན་ལོ་རྒྱུས་གཞན་ཅིག་ བཤད་སྲོལ་ཡོད་མི་དང་འཁྲིལཝ་ད་ མི་སེར་ཚུ་ བོད་ལས་ གནས་སྤོ་འོངམ་ད་ ཨ་མ་ཇོ་མོ་གིས་ སྣ་ཁྲིད་འབད་དེ་ བྱོན་ནུག་ཟེར་ཨིན་པས།

སག་སྟེང་ལས་ བཟོ་བོ་པ་སངས་དང་ ཡོངས་གྲགས་ལུ་ ཀྲོག་ཀྲོ་པ་སངས་ཟེར་གིས་ སླབ་མིའི་ནང་ ཨ་མ་ཇོ་མོ་དང་ སྡེ་ཚན་དེ་ ཉག་ཆུང་ལ་ཟེར་མི་ སག་སྟེང་དང་ མེ་རག་གི་བར་ན་ ལ་སྦོམ་ཅིག་ཡོད་མི་དེ་ བརྒལ་འགྱོཝ་ད་ རྒན་རྒས་དང་ ཁེ་རྒོ་མེད་མི་ དེ་ལས་ ཞན་འཁོགས་ཚུ་ ལ་བརྒལ་མ་ཚུགས་པར་ ལུས་ནུག་ཟེར་ཨིན་པས།

དེ་བསྒང་ ཨ་མ་ཇོ་མོ་གིས་ ལ་མཐོ་ས་ལས་ རྒྱབ་ལོག་གཟིགསཔ་ད་ སྦ་དང་ས་ཐང་ཡོད་མི་ སག་སྟེང་གཟིགས་མི་ལུ་བརྟེན་ དེ་འཕྲོ་ལས་ སྦ་དང་ཧི་མ་ཚུ་ བརྫམས་ཞིནམ་ལས་ མི་རྒན་རྒས་དང་ ཞན་འཁོགས་ཚུ་གི་དོན་ལུ་ སག་སྟེང་གཡུས་ཚན་དེ་ གཞིས་བཅགས་གནང་ནུག་ཟེར་ བཟོ་བོ་པ་སངས་ཀྱིས་ བཤདཔ་ཨིན་པས།

མི་ཚུ་གིས་ ལུང་གཤོང་དེ་གི་མིང་ སག་སྟེང་ཟེར་ སླབ་མི་དེ་ཡང་ འབྱོགཔ་གི་ཁ་སྐད་ནང་ སྦ་ལུ་ སག་དང་ ཐང་ལུ་ སྟེང་སླབ་ནི་དེ་གིས་ མིང་ཡང་སག་སྟེང་ཟེར་ དར་ཁྱབ་སོང་ནུག་ཟེར་ཨིན་པས།

དེ་ལས་ ཨ་མ་ཇོ་མོ་གིས་ གཟུགས་སྟོབས་སྒྲིང་སྒྲི་དང་ མི་ངར་ཡེང་ཚུ་ ཉག་ཆུང་ལ་ལ་བརྒལ་ཏེ་ མེ་རག་ལུ་ གཞིས་བཅགས་ཡོདཔ་ད་ མེ་རག་ཟེར་ སླབ་མི་དེ་ཡང་ ཚལ་མ་མེ་བཏང་སྟེ་ གཡུས་ཚན་ཆགས་མི་ལུ་བརྟེན་ཨིནམ་སྦེ་ སླབ་སྲོལ་འདུག་ཟེར་ ཞུ་ནི་ཨིན།

སག་སྟེང་ལས་ རིག་འཛིན་དབང་ཕྱུག།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *