གོ་བརྡའི་ལས་རིམ་ནང་བཅའ་མར་གཏོགས་མི་ སག་སྟེང་གི་ མི་སེར་ཚུ།

སག་སྟེང་གི་ མི་སེར་ཚུ་ལུ་ བརྡ་བརྒྱུད་ཀྱི་སྐོར་ལས་ གོ་བརྡ་སྤྲོད་ཡོདཔ།

བདུན་ཕྲག་འདི་ནང་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱིས་ བཀྲིས་སྒང་རྫོང་ཁག་གི་ བྱང་ཕྱོགས་རྒེད་འོག་ སག་སྟེང་ལུ་ ཉིནམ་༡ འབད་མི་ བརྡ་བརྒྱུད་ཀྱི་ སྦྱོང་བརྡར་དང་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དེ་ མཐར་འཁྱོལ་བྱུང་ཡི།

དེ་ཡང་ སག་སྟེང་རྒེད་འོག་ལྟེ་བའི་ ཞལ་འཛོམས་ཁང་ནང་ འགོ་འདྲེན་འཐབ་མི་ ལས་རིམ་དེ་ནང་ སྐྱེས་ལོ་༡༨ ལས་༨༣ གྱི་བར་ན་འབད་མི་ སག་སྟེང་གི་ མི་སེར་༨༠ གིས་ བཅའ་མར་གཏོགས་ཅི།

འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་ གཙོ་འཛིན་དང་ བཀོད་ཁྱབ་མདོ་ཆེན་ དེ་ལས་ ལས་རིམ་འགོ་དཔོན་ཚུ་གིས་ མི་སེར་ཚུ་ལུ་བརྡ་བརྒྱུད་ཟེར་མི་དེ་ ག་ཅི་བཟུམ་ལུ་ སླབ་ཨིན་ན་དང་ དམངས་གཙོའི་རིང་ལུགས་ནང་ བརྡ་བརྒྱུད་ཀྱི་ཧོངས་ལས་ འགན་ཁུར་ག་ཅི་བཟུམ་ འབག་དོ་ཡོདཔ་ཨིན་ནའི་སྐོར་ གསལ་བཤད་འབད་བའི་ཁར་ མི་སྡེའི་བརྡ་བརྒྱུད་འགན་འཁྲི་ཅན་སྦེ་ ལག་ལེན་འཐབ་དགོཔ་དང་ བརྡ་བརྒྱུད་ནང་ ཚོང་བསྒྲགས་འབད་མི་ཚུ་ལུ་ ན་འཐན་བརྟག་ཤིང་དཔྱད་དེ་ ངོས་ལེན་འབད་དགོཔ་ གལ་ཆེ་བའི་སྐོར་ གསལ་བཤད་འབད་ཡི།

མི་སྡེའི་བརྡ་བརྒྱུད་དེ་ འགན་འཁྲི་ཅན་སྦེ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ གྲོས་བསྡུར་འབདཝ་ད་ མཐུན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ གཞུང་གི་ཧོངས་ལས་ མི་སྡེའི་བརྡ་བརྒྱུད་ཀྱི་ སྲིད་བྱུས་ཟིན་བྲིས་བཏབ་སྟེ་ཡོད་པའི་སྐོར་ གསལ་བཤད་འབད་ཡོདཔ་བཞིན་དུ་ མི་ཚུ་གིས་ ཝི་ཅཱཌ་ལག་ལེན་འཐབ་ད་ གཅིག་གིས་གཅིག་ལུ་ བརྗེ་སོར་འབད་ནི་མེན་པར་ གནད་དོན་ག་ཅི་ར་ཨིན་རུང་ བདེན་དཔྱད་འབད་དགོཔ་སྦེ་ བཤད་ཅི།

དེ་མ་ཚད་ གསར་ཤོག་དང་ རྒྱང་བསྒྲགས་ཐོག་ལས་ ཚོང་བསྒྲགས་འབད་མི་ཚུ་ལུ་ ཐད་ཀར་དུ་ བདེན་པ་བཟུང་ནི་མེན་པར་ ལེགས་ཤོམ་སྦེ་ དབྱེ་དཔྱད་འབད་དགོ་ཟེར་ དྲན་གསལ་འབད་ཡི།

སྦྱོང་བརྡར་དང་འབྲེལ་ བརྟག་ཞིབ་ལས་རིམ་ཅིག་ འགོ་འདྲེན་འཐབ་ད་ ས་ཁ་མཐོ་སར་ སྡོད་མི་ཚུ་ལུ་ བརྡ་བརྒྱུད་ཀྱི་སྐོར་ལས་ ཤེས་རྟོགས་ལེགས་ཤོམ་མེད་པའི་ མངོན་གསལ་བྱུང་མི་དེ་ཡང་ གོ་བརྡའི་ལས་རིམ་ནང་ བཅའ་མར་གཏོགས་མི་༨༠ འི་གྲས་ལས་༡༠ རྐྱངམ་གཅིག་གིས་ སྔར་སྲོལ་བརྡ་བརྒྱུད་ གསར་ཤོག་གི་སྐོར་ལས་ ཤེས་རྟོགས་བྱུང་ནུག།

ཨིན་རུང་ སག་སྟེང་གི་ མི་སེར་མང་ཤོས་ཅིག་གིས་ རྒྱང་བསྒྲགས་རེ་ཌིའོ་དང་ རྒྱང་མཐོང་ཊི་བིའི་སྐོར་ལས་ ཧ་གོ་ཡོདཔ་བཞིན་དུ་ ལ་ནོར་འཚོ་མི་ཚུ་གིས་ གནས་ཚུལ་དང་ ཁ་འཐེན་ ཞབས་ཁྲའི་ལས་རིམ་ཚུ་ རྒྱང་བསྒྲགས་རེ་ཌིའོ་ཐོག་ལས་ ཉན་དོ་ཟེར་ བཤདཔ་ཨིན་པས།

དེ་ཡང་ བཅའ་མར་གཏོགས་མི་ཚུ་གི་གྲས་ལས་༥༤ གིས་ རྒྱང་བསྒྲགས་རེ་ཌིའོ་ཉནམ་མ་ཚད་༤༣ གྱིས་ འབྲུག་རྒྱང་བསྒྲགས་ཀྱི་ རྒྱང་མཐོང་ལས་རིམ་ བལྟ་དོ་ཟེར་ཨིན་པས།

གཞི་རྟེན་ཤེས་ཡོན་སྦྱང་མི་ རིན་ཆེན་ཆོས་འཛོམས་ཀྱིས་ སླབ་མིའི་ནང་ མོ་ བཀྲིས་སྒང་ལུ་ འགྱོ་བའི་སྐབས་ རྫོང་ཁའི་ཀུན་གསལ་གསར་ཤོག་ཉོ་སྟེ་ ལྷག་དོ་ཟེར་ཨིནམ་ད་ བཅའ་མར་གཏོགས་མི་ ལ་ལོ་ཅིག་གིས་ གསར་ཤོག་གི་སྐོར་ལས་ ལོ་རྒྱུས་གོ་ཡོད་རུང་ མཐོང་མ་མྱོང་ཟེར་ བཤདཔ་ཨིན་པས།

འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱིས་ རྒྱལ་ཁབ་ཀྱི་ མཐའ་ཟུར་ས་གནས་ཁག་༤ ནང་ མི་སྡེ་ཚུ་ལུ་ བརྡ་བརྒྱུད་ཀྱི་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་དེ་ཡང་ འབྲུག་ཤར་ཕྱོགས་ལུ་ སག་སྟེང་དང་ དབུས་ཕྱོགས་ལུ་ གཞལམ་སྒང་རྫོང་ཁག་ པཱན་སྦང་ དེ་ལས་ ནུབ་ཕྱོགས་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ས་གནས་ ཨ་དྭག་རུ་ཁ་དང་ ལྷོ་མཚམས་ཀྱི་ས་གནས་ རྡོ་རོ་ཁ་ལུ་ཨིན།

སག་སྟེང་གི་ གོ་བརྡའི་ལས་རིམ་ནང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ཡང་ བཅའ་མར་གཏོགས་ཅི།

བརྡ་བརྒྱུད་ཀྱི་ སྦྱོང་བརྡར་དང་ གོ་བརྡའི་ལས་རིམ་དེ་ འཛམ་གླིང་སྤྱི་ཚོགས་དམངས་གཙོའི་རིང་ལུགས་ཀྱི་མ་དངུལ་ (ཡུ་ཨེན་ཌི་ཨི་ཨེཕ) གྱི་རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཨིན་པའི་གནས་ཚུལ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *