སོ་ནམ་པ་ཚུ་གིས་ འཛུགས་སྐྱོང་འབད་མི་ས་སྒ།

ས་སྒ་འཛུགས་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚོང་ལམ་ལུ་ ཚ་གྱང་ལང་ཡོདཔ།

༉ དར་དཀར་ནང་དང་ རྩི་རང་རྫོང་ཁག་ནང་ ས་སྒ་ཐོན་སྐྱེད་འབད་ནིའི་ དུས་ཚོད་རན་དོ་ཡོད་རུང་ དངུལ་ཐོག་དེ་ རིན་ བསྡུར་འབད་ནིའི་སྐོར་ལས་ ལོ་རྒྱུས་མེདཔ་ལས་ སོ་ནམ་པ་ཚུ་ ཚོང་འབྲེལ་འཐབ་ནི་ལུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།

བཙན་མདའ་སྒང་ལས་ཨིན་མི་ སོ་ནམ་པ་ ཧོ་ཆུ་ལས་སྐྱིད་ཀྱིས་ སླབ་མིའི་ནང་ སྤྱི་ཟླ་༢ པ་རྫོགས་ཁམས་ལས་ ཁོ་རའི་ས་ཞིང་ ཨེ་ཀར་༡ ནང་ལས་ ས་སྒ་ཀེ་ཇི་༤,༠༠༠ དེ་ཅིག་ བསྡུ་བསྒྱོམ་འབད་ནི་ཡོད་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ རྫོང་ཁག་སོ་ནམ་ལས་ཁུངས་ཀྱིས་ སོ་ནམ་པ་ཚུ་ལུ་ ཐོན་སྐྱེད་བརྒྱ་ཆ་༦༠ དེ་ཅིག་ གཞུང་གིས་ ལོག་ཉོ་ ནིའི་འཆར་གཞི་ཡོད་པའི་སྐོར་ལས་ སླབ་ཡོད་རུང་ ལྷག་ལུས་ཚུ་ བཙོང་ནི་སྐོར་ལས་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།

ནང་འཁོད་ལུ་ ཉོ་མི་མེདཔ་ལས་ གཞན་ཁ་ལས་ཕར་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ ལྟ་དོ་ཟེར་ཨིནམ་ད་ སོ་ནམ་པ་ཚུ་གིས་ ཧེ་མ་འབད་བ་ཅིན་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་ནང་ རིན་བསྡུར་འབད་དེ་ བཙོངམ་ཨིན་པས།

ད་ལྟོའི་ གནས་སྟངས་དང་འཁྲིལཝ་ད་ ཕྱིར་བཙོང་འཐབ་ཚུགས་ནི་ལུ་ དོགས་པ་ཡོད་ཟེར་ ཁོ་གིས་བཤད་པའི་ཁར་ ལས་སྡེ་གིས་ ད་ལྟོ་ དངུལ་ཐོག་ཚལ་ལུ་ལུ་ གཙོ་བོར་བཏོན་ཏེ་འདུག་ཟེར་ཨིན་པས།

ཁོ་གི་རྒེད་འོག་ནང་ ཁྱིམ་གུང་པ་༩ དེ་ཅིག་གིས་ ས་སྒ་འཛུགས་སྐྱོང་འབད་དོ་ཡོདཔ་ལས་ སྣུམ་འཁོར་ཊཱག་༥ དེ་ཅིག་ ཐོན་ སྐྱེད་འབད་ནིའི་ རེ་བ་ཡོདཔ་ཨིན་པས།

ཧོ་ཆུ་ལས་སྐྱིད་ཀྱིས་ སླབ་མིའི་ནང་ ས་མཚམས་ཕྱི་ཁར་ ཚོང་འབྲེལ་འཐབ་ནིའི་ འཆར་གཞི་ཡོད་རུང་ ཟླཝ་༡ དེ་ཅིག་ བསྒུག་དགོཔ་སྦེ་ སླབ་དེས་ཟེར་ཨིནམ་ད་ རིན་བསྡུར་ཕྱི་པ་ཅིན་ ཐོན་སྐྱེད་བསྡུ་ནི་དང་ སོན་གསརཔ་བཙུགས་ནི་ལུ་ཡང་ ཕྱི་ནི་མས་ ཟེར་ཨིན་པས།

ཚོང་འབྲེལ་འཐབ་ནིའི་ དཀའ་ངལ་ཡོད་པའི་ཁར་ ཁྲོམ་ཁར་ གོང་ཚད་མར་བབས་སོང་མི་དེ་ཡང་ ཚ་གྱང་འདུག་ཟེར་ཨིནམ་ད་ ཧེ་མ་ ས་སྒའི་སོན་སྦེ་བཙུགས་མི་ཚུ་ ལོག་སྟེ་བཏོན་བཙོངམ་ད་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༢༠ དེ་རེ་ འཐོབ་ཚུགས་དོ་ཡོད་རུང་ ན་ཧིང་ དངུལ་ཀྲམ་༥༤ ལས་ མ་འཐོབ་པས་ཟེར་ཨིན་པས།

མནྜལ་སྒང་ལས་ཨིན་མི་ ཟླ་བ་ཏ་མང་གིས་ བཤད་མིའི་ནང་ ས་མཚམས་ཕྱི་ཁ་ལས་ ས་སྒ་ཉོ་མི་ཡོད་རུང་ གོང་ཚད་ལེགས་ཤོམ་མིན་འདུག་ཟེར་ ཨིན་པས།

ཟླ་བ་ཏ་མང་ལུ་ ཀེ་ཇི་༣,༠༠༠ དེ་ཅིག་ཡོདཔ་ཨིན་རུང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༠ དེ་ཅིག་ལས་ མི་འཐོབ་ནི་མས་ཟེར་ཨིནམ་ད་ གོང་ ཚད་ལེགས་ཤོམ་མེདཔ་ལས་ སོ་ནམ་པ་མང་ཤོས་ཀྱིས་ བཙོང་ནིའི་རེ་བ་ མིན་འདུག་ཟེར་ཨིན་པས།

དེ་མ་ཚད་ འགྲམ་ཕུག་ལས་ སྣུམ་འཁོར་སོར་དགོཔ་ལས་ སྐྱེལ་འདྲེན་གྱི་ཟད་འགྲོ་ཡང་ མངམ་འགྱོཝ་མས་ཟེར་ ཁོ་གིས་ བཤད་པའི་ཁར་ གོང་ཚད་ལེགས་ཤོམ་མ་འགྱོ་བ་ཅིན་ གནམ་བྱཱར་ལས་ ས་སྒ་ཚུ་ མེདཔ་འགྱོ་འོང་ཟེར་ཨིན་པས།

དགེ་ལེགས་ཕུག་གི་ རིན་བསྡུར་འཛིན་སྐྱོང་པ་ ནོར་བུ་དབང་འདུས་ཀྱིས་ བཤད་མིའི་ནང་ གནས་སྟངས་ལུ་ ལེགས་བཅོས་མ་ འགྱོ་བ་ཅིན་ རིན་བསྡུར་འགོ་བཙུགས་ནི་དེ་ཡང་ ལཱ་ཁག་གཏང་འོང་ཟེར་ཨིན་པས།

ནང་འདྲེན་འབད་མི་ཚུ་ ནང་ན་ འོང་མ་བཅུག་པ་ཅིན་ རིན་བསྡུར་འབད་མི་ཚུགས་ཟེར་ ཁོ་གིས་སླབ་པའི་ཁར་ དར་དཀར་ནང་ གི་ སོ་ནམ་རྒྱ་སྐྱེད་འགོ་དཔོན་གྱིས་ རྫོང་ཁག་ནང་ལས་ ཐོན་སྐྱེད་འཐོན་ནིའི་ ཚད་རྩིས་འབད་མི་དེ་ སོ་ནམ་ལས་ཁུངས་ལུ་ སྙན་ཞུ་འབད་དེ་ཡོད་ཟེར་ཨིན་པས།

དར་དཀར་ནང་ལས་ ས་སྒ་མེ་ཊིག་ཊཱོན་༡༢༠ དེ་ཅིག་ ཐོན་སྐྱེད་འབད་ནིའི་ ཚོད་རྩིས་ཡོདཔ་ད་ ལུང་ཕྱོགས་སོ་ནམ་ཚོང་འབྲེལ་ དང་མཉམ་ལས་ཀྱི་མགྲིན་ཚབ་ ཨོ་རྒྱན་ཚེ་རིང་གིས་ སླབ་མིའི་ནང་ ཚོང་ལམ་བལྟ་ནིའི་དོན་ལུ་ རྫོང་ཁག་ནང་ལས་ ཐོན་སྐྱེད་ཀྱི་ སྤུས་ཚད་དང་ ལེགས་ཉེས་སྐོར་ལས་ ག་ནི་ཡང་མ་གོ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *