ས་རུད་ཆད་པའི་སྐབས་ ཨའི་དང་བུ་ལུ་ ཤི་རྐྱེན་བྱུང་ཡོདཔ།

༉ ཁ་ཙ་ དྲོ་པ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ དཔག་བསམ་ཁ་ ནའུ་ཀེ་གཡུས་ཚན་ནང་ ས་རུད་ཆད་པའི་སྐབས་ སྡོད་ཁྱིམ་ཅིག་གི་ ཆ་ཤས་ཅིག་ འཕྱགས་འབག་པའི་རྐྱེན་ངན་ནང་ སྐྱེས་ལོ་༣༩ ལང་མི་ ཨམ་སྲུ་ཅིག་དང་ མོ་རའི་ ཟླཝ་༧ ལང་མི་བུ་དེ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

རྐྱེན་ངན་དེ་ཡང་ དྲོ་པའི་ཆུ་ཚོད་༡ དང་༣ གྱི་བར་ན་ བྱུང་ཡོདཔ་ད་ གྲོགས་རམ་འབད་མི་ཚུ་གིས་ ས་ཁོངས་ནང་ ལྷོད་ཚུགས་རུང་ ཕུན་ཚོགས་གླིང་སྨན་ཁང་ནང་ འབག་སྐྱེལ་བའི་ལམ་ཁར་ གྱོངས་སོཔ་ཨིན་པས།

རྐྱེན་ངན་བྱུང་བའི་སྐབས་ ཚེ་འདས་ཨམ་སྲུ་དང་བུ་དེ་ ཁང་མིག་གཞན་ཅིག་ནང་ ཉལ་ཡོད་རུང་ རྨགཔ་དང་ ཨ་ལོ་གཞན་མི་ཚུ་ ཁང་མིག་སོ་སོར་ནང་ ཉལ་ཡོདཔ་ཨིན་པས།

ས་རུད་ཀྱིས་ ཚེ་འདས་༢ ཉལ་སའི་ཁང་མིག་དེ་ འཕྱགས་བདའ་ཡོདཔ་ད་ ཚེ་འདས་ཨམ་སྲུ་དེ་ བསམ་རྩེ་རྡོ་རོ་ཁ་ལས་ཨིནམ་ད་ རྨགཔ་དེ་ པད་ཀར་ཞིང་ལས་ཨིན་པས།

ཁྲོམ་དཔོན་ ཨུ་ཊར་ཀུ་མར་རའི་གིས་ སླབ་མིའི་ནང་ རིན་ཆེན་སྡིངས་ཞིབ་དཔྱད་སྒོ་རའི་ སྦོ་ལོགས་ཁར་ ལམ་བསུབས་ཡོདཔ་ལས་ ཚེ་འདས་༢ ས་ཁོངས་དེ་ཁར་ཚུན་ སྣུམ་འཁོར་གཞན་ཅིག་ནང་ འབག་འོང་སྟེ་ དེ་ཁར་ལས་ ནདཔ་འབག་མི་ སྣུམ་འཁོར་གྱིས་ སྨན་ཁང་ནང་ འབག་སོང་ཡི་ཟེར་ཨིན་པས།

དྲོ་པའི་ཆུ་ཚོད་༢ དང་༣ གྱི་བར་ན་ སྨན་ཁང་ནང་ ལྷོད་ཡོདཔ་ད་ ཆུ་ཚོད་ཕྱེད་དང་༩ དེ་ཅིག་ལས་ བདེ་སྲུང་དང་ ཁྲིམས་་སྲུང་ དེ་ལས་ གཞན་འབྲེལ་ཡོད་ཡིག་ཚང་ཚུ་གི་ འགོ་དཔོན་ཚུ་གིས་ ས་ཁོངས་ནང་སོང་སྟེ་ ཉེ་འདབས་ལུ་ཡོད་མི་ ཁྱིམ་ཚུ་ནང་སྡོད་མི་ཚུ་ སྤོ་ནི་ལུ་ ཆ་རོགས་འབད་ཡོདཔ་ད་ ད་རུང་ ཁྱིམ་༡༠ དེ་ཅིག་ཡང་ ཉེན་སྲུང་གི་དོན་ལུ་ སྤོ་བཅུག་ཡོདཔ་ཨིན་པས།

བསམ་འཕེལ་གླིང་རྒཔོ་ མ་ནི་ ཀུ་མར་རའི་གིས་ སླབ་མིའི་ནང་ ས་ཁོངས་ཁག་ལེ་ཤ་ཅིག་ནང་ ལམ་བསུབས་ཡོདཔ་ལས་ གྲོགས་རམ་འབད་བར་ སོང་མི་ཚུ་ཡང་ ཐོགས་ལུས་ནུག་ཟེར་ཨིན་པས།

འཕྲལ་ཁམས་ཅིག་ཁར་ འགོ་བཙུགས་མི་ རྡོ་སྐྱེལ་འདྲེན་གྱི་ལཱ་འབད་མི་ཚུ་ཡང་ ཁ་ཙ་ བང་གེ་ཆུ་བྲེས་མི་ལུ་བརྟེན་ མཚམས་ འཇོག་འབད་དེ་ བཞག་ཡོདཔ་ད་ འཁོར་ལམ་ཚུ་ཡང་ག་ར་ ཆུ་གིས་གང་ཡོདཔ་ཨིན་པས།

བང་གེ་ཆུ་བྲེས་པའི་ཤུལ་ལས་ རྡོ་ཕྱིར་བཙོང་གི་ ལཱ་འབད་མི་ཚུ་ག་ར་ སྤྱི་ཟླ་༦ པའི་ཚེས་༢༩ ལུ་ རང་སྲུང་ས་ཁོངས་ནང་ ཐོགས་ལུས་ཡོདཔ་ཨིན་པས།

ཐོགས་ལུས་མི་ཚུ་ ཁ་ཙ་ དྲོ་པའི་ཆུ་ཚོད་ཕྱེད་དང་༢ དེ་ཅིག་ཁར་རྐྱངམ་གཅིག་ ཕུན་ཚོགས་གླིང་གི་ ས་ཁོངས་ཁ་ཐུག་ བཏོན་ཚུགས་ཡོདཔ་ད་ ཐོགས་ལུས་མི་ཚུ་གི་གྲས་ཁར་ ནགས་ཚལ་དང་ ཅ་དམ་ དེ་ལས་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་འཛིན་གྱི་ འགོ་དཔོན་ཚུ་བརྩིས་ཏེ་ འབྲུག་མི་༤༠ དེ་ཅིག་ཡོདཔ་ཨིན་པས།

སྤྱི་ཟླ་༦ པའི་ཚེས་༢༩ ལུ་ རྡོ་འབག་མི་སྣུམ་འཁོར་ཊཱག་ཅིག་ འཁོར་ལམ་ཁར་ འགྱེལ་ཏ་རྐྱབ་འགྱོ་བའི་སྐབས་ དེད་གཡོགཔ་ དེ་ལུ་ གནོད་སྐྱོན་ག་ནི་ཡང་ མ་བྱུངམ་ལས་ ས་མཚམས་ཕྱི་ཁར་ ལོག་བཏང་ཡོདཔ་ཨིན་པས།

ད་རེས་ གཙང་ཆུའི་ཉེན་ཁ་ཡོད་པའི་ཁར་ འབྲུག་མི་ཚུ་གིས་ ས་གནས་ནང་ ཐོགས་ལུས་མི་ རྒྱ་གར་གྱི་ དེད་གཡོགཔ་ཚུ་དང་གཅིག་ཁར་ སླ་བསྲེ་ནིའི་ཉེན་ཁ་ཡོདཔ་ཨིན་པས།

རང་སྲུང་ས་ཁོངས་ནང་ དེད་གཡོགཔ་༡༠༨ ཡོད་མི་ཚུ་ག་ར་ ས་མཚམས་ཕྱི་ཁར་ ལོག་བཏང་ཡོདཔ་བཞིན་དུ་ འབྲུག་མི་ཚུ་ག་ར་ བརྟག་དཔྱད་འབད་དེ་ ཁ་ཙ་ ཁྱིམ་ནང་བཏང་ཡོདཔ་ཨིན་པས།

རྡོ་ཕྱིར་ཚོང་འཐབ་མི་ཅིག་གིས་ སླབ་མིའི་ནང་ ཚད་ལྡན་ལག་ལེན་བྱ་རིམ་གསརཔ་དང་འཁྲིལ་ ཕྱིར་ཚོང་འཐབ་མི་ཚུ་གིས་ རང་སོའི་ལས་བྱེདཔ་ཚུ་ རང་སྲུང་ས་ཁོངས་ནང་བཞག་ནིའི་ མཐུན་རྐྱེན་བཟོ་དགོཔ་སྦེ་ཨིན་མི་དེ་ གནམ་བྱཱར་ལུ་ ཉེན་ཁ་འདུག་ཟེར་ཨིན་པས།

ཚ་གྱང་དེའི་སྐོར་ལས་ ན་ཧིང་ལས་ སླབ་ཅི་ཟེར་ཨིནམ་ད་ རྐྱེན་ངན་དེ་བཟུམ་འབྱུང་ནི་ཨིནམ་ཤེས་རུང་ འགོ་དཔོན་ཚུ་གིས་ ག་ཅི་སྦེ་ དེ་བཟུམ་འབདཝ་ཨིན་ན་ ཧ་མི་གོ་བས་ཟེར་ཨིནམ་ད་ ཕྱིར་ཚོང་འཐབ་མི་ མང་ཤོས་ཀྱིས་ ཀུན་གསལ་ལུ་ སླབ་མ་ཚད་ རང་སྲུང་ས་ཁོངས་དེ་ ཟད་འགྲོ་ཐེབས་ཨིན་པའི་ཁར་ ཆུ་རུད་ཀྱི་ཉེན་ཁ་ཡང་ འདུག་ཟེར་ཨིན་པས།

འདས་པའི་ ཉིནམ་དག་པ་ཅིག་གི་རིང་ ས་མཚམས་ཁ་ཐུག་ལུ་ ཆརཔ་མ་ཆད་པར་ རྐྱབ་མི་ལུ་བརྟེན་ གཞུང་ལམ་ཚུ་བསུབས་ ཡོདཔ་ཨིན་པས།

རྡོ་རོ་ཁ་དྲུང་ཁག་ནང་འབད་བ་ཅིན་ ཡོངས་འབྲེལ་གྱི་ ཞབས་ཏོག་ཚུ་ག་ར་ མེདཔ་ཐལ་ཏེ་ ཟླཝ་ལང་ནི་འབད་དོ་ཡོདཔ་ད་ གློག་མེ་ལས་འཛིན་གྱི་ ལྟ་རྟོག་ལས་བྱེདཔ་ཚུ་ཡང་ ཕུན་ཚོགས་གླིང་ལུ་ ཐོགས་ལུས་ཡོདཔ་ཨིན་པས།

རྡོ་རོ་ཁ་དྲུང་པ་ ཀརྨ་འགྱུར་མེད་ཀྱིས་ སླབ་མིའི་ནང་ ཁ་ཙ་རྐྱངམ་གཅིག་ དཀའ་ངལ་དེ་ བལྟ་བར་སོང་ཡོད་པའི་ ལོ་རྒྱུས་གོ་ཡོད་རུང་ ལམ་ཚུ་བསུབས་ཡོདཔ་ལས་ ཐོགས་ལུས་ཡོདཔ་བཟུམ་འདུག་ཟེར་ བཤད་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *