༉ ཁ་ཙ་ ཉིན་མ་ཁམས་ཅིག་ཁར་ བསམ་རྩེ་སྒོམ་ཀྲུ་ དགོན་པ་ཁ་སྤྱི་འོག་ནང་ ཆརཔ་ལུ་བརྟེན་ ས་རུད་ཐོན་མི་དེ་གིས་ ལོ་༣༠༠ དེ་ཅིག་ལང་མི་ མ་ཎི་མཆོད་རྟེན་རྙིངམ་ཅིག་ འཕྱགས་བདའ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་དང་ རྒེད་འོག་དང་ ལམ་སྲོལ་འགོ་དཔོན་ཚུ་གིས་ ས་རུད་ཆད་སའི་ ས་ཁོངས་ནང་སོང་སྟེ་ བལྟ་བའི་སྐབས་ མཆོད་རྟེན་དེ་གི་ ནང་གཟུངས་ཕུད་རྡོག་གཅིག་ཡང་ མཐོང་མ་ཚུགས་པས།
སྒོམ་ཀྲུའི་རྒཔོ་ རུ་བཱཌ་ ལེབ་ཅ་གིས་ སླབ་མིའི་ནང་ མཆོད་རྟེན་དེ་ ས་རུད་དེ་གིས་ རྩ་བ་ལས་ར་ འཕྱགས་བདའ་ཡོདཔ་ལས་ ཅ་ཆས་ག་ཅི་ཡང་ ཐོབ་མ་ཚུགས་རུང་ པ་ཏྲ་བརྐོ་མི་ རྡོ་དག་པ་ཅིག་ ཐོབ་མི་ཚུ་ ཉེན་སྲུང་ཅན་གྱི་ ས་གོ་ནང་ བཞག་སྟེ་ཡོད་ཟེར་ཨིན་པས།
མཆོད་རྟེན་དེ་ ནམ་བཞེངས་བཞེངསཔ་ཨིན་ན་དང་ དེ་ནང་ ནང་གཟུངས་ཚུ་ ག་ཅི་ར་ཡོདཔ་ཨིན་ནའི་སྐོར་ལས་ ཤེས་མི་ག་ཡང་མེད་པའི་ཁར་ ལོ་ན་རྒས་མི་ མི་ཚུ་གིས་ མི་ཤེས་པས་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
ས་རུད་ཆད་སའི་ ས་ཁོངས་དེ་ ཉེན་སྲུང་དང་ལྡནམ་སྦེ་མེདཔ་ལས་ གནམ་གཤིས་གནས་སྟངས་ལེགས་ཤོམ་ འགྱོ་བ་ཅིན་ མི་ངན་པ་ཚུ་གིས་ ས་བརྐོ་སྟེ་ ནང་གཟུངས་ཚུ་ སློང་འབག་ནི་ ཉེན་ཁ་ཡོདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།