ས་ཡོམ་དང་འབྲེལ་བའི་ ཉེན་སྲུང་གི་ ཐབས་ལམ་སྐོར་ལས་ གྲོས་འཛོམས་འཚོགས་པའི་བསྒང་།

ས་ཡོམ་དང་འབྲེལ་བའི་ ལྟ་རྟོག་འཕྲུལ་རིག་ཚུ་ བཙུགས་ཚར་ཡོདཔ།

༉ ས་ཡོམ་དང་འབྲེལ་བའི་ ཉེན་སྲུང་འབད་ནི་དང་ ཐབས་ལམ་ཚུ་ བཏོན་ནིའི་དོན་ལུ་ ལོ་༤ གི་ཧེ་མར་ འགོ་བཙུགས་ཡོད་མི་ ལས་འགུལ་དེ་ མཇུག་བསྡུཝ་དང་འབྲེལ་ རྒྱལ་ཁབ་ནང་ ས་ཡོམ་དང་འབྲེལ་བའི་ རྐྱེན་ངན་ཚུ་གི་ གདོང་ལེན་དོན་ལུ་ གྲ་སྒྲིག་ཚུད་ཡོདཔ་བཟུམ་ཅིག་ཨིན་པས།
ཁ་ཙ་ མཇུག་བསྡུའི་ ཞལ་འཛོམས་འཚོགས་པའི་སྐབས་ ལས་འགུལ་ནང་ བཅའ་མར་གཏོགས་མི་ ས་གཏེར་ལས་ཁུངས་དང་ལམ་སྲོལ་ལས་ཁུངས་ ཞབས་ཏོག་ལྷན་ཁག་འོག་གི་ བཟོ་རིག་ལས་ཁུངས་དང་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་༤ གིས་ རང་སོའི་ལས་ཁུངས་ཚུ་གིས་ ལོ་༤ འི་རིང་ལུ་ ས་ཡོམ་དང་འབྲེལ་བའི་ ལས་སྣ་ཚུ་ ག་ཅི་ར་ འགོ་འདྲེན་འཐབ་ཡོདཔ་ཨིན་ནའི་སྐོར་ལས་ གསལ་ཞུ་འབད་ཡི།
དེ་ཡང་ ཡུ་ཨེས་ཌོ་ལར་ས་ཡ་༡.༤ དེ་ཅིག་གནས་མི་ ལས་འགུལ་དེ་ སྤྱི་ལོ་༢༠༡༣ ལས་ འགོ་བཙུགས་ཡོདཔ་ཨིན་པས།
ལམ་སྲོལ་ལས་ཁུངས་ཀྱིས་ ལས་འགུལ་དེའི་འོག་ལུ་ རང་ལུགས་ཀྱི་ཁྱིམ་ཚུ་ ས་ཡོམ་རྐྱབ་པའི་སྐབས་ ཉེན་སྲུང་ཅན་ ག་དེ་སྦེ་བཟོ་ནི་ཨིན་ན་ཚུ་ གྲོས་སྟོན་པ་༢ དང་མཉམ་འབྲེལ་ཐོག་ལས་ སྤུ་ན་ཁ་དང་ དབང་འདུས་ དེ་ལས་ སྤ་རོ་རྫོང་ཁག་གི་ གཡུས་ཚན་ཚུ་ནང་ ཞིབ་འཚོལ་ཚུ་ འབད་ཡོདཔ་ཨིན་པས།
ལས་ཁུངས་ཀྱིས་ ཞིབ་འཚོལ་འབདཝ་དང་འབྲེལ་ སའི་རྩིགཔ་རྐྱབ་སྟེ་ བརྡལ་བཏང་ཡོདཔ་ཨིན་པས།
རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱིས་ རྐྱེན་ངན་ཚུ་ འཐོན་པའི་སྐབས་ ཉེན་སྲུང་འབད་ནིའི་དོན་ལུ་ བཀྲིས་སྒང་རྫོང་ཁག་འོག་གི་ སློབ་གྲྭ་༣༣ ལས་ སློབ་དཔོན་༣༣ དང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་འོག་གི་ སློབ་དཔོན་༥༨ ལུ་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་པས།
རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ཀྱིས་ རྫོང་ཁག་ག་རའི་ནང་ ས་ཡོམ་གྱི་ ཤུགས་ཚད་འཇལ་མི་ མི་ཊར་༢༠ བཙུགས་ཡོདཔ་ད་ ཐིམ་ཕུག་དང་ བུམ་ཐང་ བཀྲིས་སྒང་ དགེ་ལེགས་ཕུག་ བསམ་རྩེ་ དེ་ལས་ བསམ་གྲུབ་ལྗོངས་མཁར་ཚུ་ནང་ ས་ཡོམ་གྱི་གནས་ཚད་བརྟག་དཔྱད་འབད་མི་ལྟེ་བ་༦ བཙུགས་ཚར་ཡོདཔ་ཨིན་པས།
ནང་སྲིད་ལྷན་ཁག་གི་དྲུང་ཆེན་ བསོད་ནམས་སྟོབས་རྒྱས་ཀྱིས་ ཇ་པཱན་གཞུང་གི་ མ་དངུལ་གྲོགས་རམ་ཐོག་ལས་ འཛམ་གླིང་དངུལ་ཁང་གིས་ ལྟ་རྟོག་འབད་མི་ ལས་འགུལ་དེ་གི་ མ་དངུལ་ཚུ་ཡང་ ཚུལ་ལྡན་སྦེ་ ལག་ལེན་འཐབ་ཅི་ཟེར་བཤད་ཅི།
དྲུང་ཆེན་གྱིས་འབད་བ་ཅིན་ ས་ཡོམ་གྱི་ ལྟ་རྟོག་འཕྲུལ་རིག་ཚུ་ བཙུགས་ཚུགས་མི་དེ་གིས་ ད་ལས་ཕར་ ས་ཡོམ་ལྟ་རྟོག་འབད་ཚུགསཔ་མ་ཚད་ ས་ཡོམ་དང་འབྲེལ་བའི་ གནོད་སྐྱོན་ཚུ་ གྲ་སྒྲིག་འབད་ཚུགས་ཟེར་ཨིན་པས།
འཛམ་གླིང་དངུལ་ཁང་གི་ རྒྱལ་ཁབ་ཀྱི་ གནས་བཞུགས་སྐུ་ཚབ་ ཡོ་ཡི་ཅི་རོ་ ཨཱི་ཤི་ཧ་ར་གིས་ འབྲུག་རྒྱལ་ཁབ་འདི་ ས་ཡོམ་གྱི་རྐྱེན་ངན་འབྱུང་ནིའི་ ཉེན་ཁ་ཡོདཔ་ལས་ ལས་འགུལ་གྱིས་ ཕན་ཐོགས་པའི་ རེ་བ་ཡོད་ཟེར་བཤད་ཅི།
དྲུང་ཆེན་གྱིས་ སྤྱི་ལོ་༢༠༡༡ ལོ་ནང་ ས་ཡོམ་རྐྱབ་པའི་ཤུལ་ལས་ རྒྱལ་ཁབ་ནང་ ས་ཡོམ་དང་འབྲེལ་བའི་ བརྟག་དཔྱད་འཕྲུལ་རིག་ཚུ་ དགོཔ་ངེས་བདེན་འདུག་ཟེར་བཤད་ཅི།
བཟོ་རིག་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༡༡ ལུ་ ས་ཡོམ་རྐྱབ་པའི་ཤུལ་ལས་ ལམ་སྟོན་ཚུ་ ཧེ་མ་ལས་ བཟོ་སྟེ་མེདཔ་ལས་ ཞིབ་འཚོལ་འབད་ནི་ལུ་ ལཱ་ཁག་རྐྱབ་ཅི་ཟེར་ཨིན་པས།
ལས་ཁུངས་ཀྱིས་ ལས་འགུལ་དེ་གི་དོན་ལུ་ རྫོང་ཁག་ཚུ་ནང་ཡོད་མི་ སྒྲིང་ཁྱིམ་ཚུ་ནང་ སྒྲིང་སྒྲི་བཟོ་ནིའི་དོན་ལུ་ ཐབས་ཤེས་ཚུ་བཏོན་ཡོདཔ་ཨིན་རུང་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཕྲུལ་རིག་དེ་ཚུ་གིས་ རྒྱལ་ཁབ་ནང་ ས་ཡོམ་རྐྱབ་པ་ཅིན་ ས་སྒུལ་ལྟེ་བ་ ག་ཏེ་ལུ་ ཕོགཔ་ཨིན་ན་ཚུ་ དེ་འཕྲོ་ལས་ གསལ་སྟོན་འབད་མི་ཚུགས་ཟེར་ཨིནམ་ད་ ཨིན་རུང་ འགྲོས་ཀྱིས་སྦེ་ ལས་འགུལ་གཞན་ཚུ་ འགོ་བཙུགས་པའི་ཤུལ་ལས་ བཟོ་ཚུགསཔ་འོང་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *