ལྷུན་གྲུབ་རིན་ཆེན་རྩེའི་རྫོང་དེ་ སྤྱི་ལོ་༢༠༠༩ ཟླ་༩ པའི་ས་ཡོམ་སྐབས་ལུ་ཡང་ ཉམས་སྐྱོན་བྱུང་ནུག།

ས་ཡོམ་གྱིས་ ལྷུན་རྩེ་རྫོང་ལུ་ གནོད་སྐྱོན་སྦོམ་རྐྱབ་ཡོདཔ།

༉ ཁ་ཙ་དྲོ་པར་ ས་ཡོམ་ཤུགས་ཚད་མེག་ནི་ཅུཌི་༦.༠ རྐྱབ་མི་དེ་གིས་ ལྷུན་གྲུབ་རིན་ཆེན་རྩེའི་རྫོང་ལུ་ གནོད་སྐྱོན་སྦོམ་སྦེ་ རྐྱབ་ཡོདཔ་ཨིན་པས།

དེ་ཡང་ ལྷུན་རྩེ་རྫོང་གི་ ཀུན་ར་ཕྱི་ནང་དང་ རྫོང་ཁག་བདག་སྐྱོང་ཡིག་ཚང་གི་ གྱང་རྩིག་དང་ ཕྱིའི་བར་ཁྱིམ་ནང་ལས་ཕར་ གག་འགྲམ་བྱུང་སྟེ་ཡོདཔ་ཨིན་པས།

ད་རུང་ ས་ཡོམ་གྱིས་ ཀུན་ར་ནང་ སྐུ་རྟེན་ཚུ་ གསིག་བཏང་པའི་ཤུལ་ལས་ ལྷ་མོ་ཚེ་རིང་མ་སྐུའི་དབུ་ ཆག་སོངམ་ད་ ཆིབས་སེངྒེ་དཀར་མོ་ཡང་ མེདཔ་བཏང་པའི་ཁར་ གསརཔ་བཞེངས་མི་ ཞབས་དྲུང་གི་སྐུ་ལུ་ཡང་ སྐྱོན་ཞུགས་ནུག་ཟེར་ཨིན་པས།

ལྷུན་རྩེ་རྫོང་དེ་ སྤྱི་ལོ་༢༠༠༩ ཟླཝ་༩ པའི་ནང་ ས་ཡོམ་ལུ་བརྟེན་ ཉམས་ཆག་བྱུངམ་ལས་ ཉམས་གསོ་ཞུ་སྟེ་ སྤྱི་ལོ་༢༠༡༤ ལུ་ བཀྲིས་རབ་གནས་ཕུལ་ཡོདཔ་ཨིན་པས།

ལྷུན་གྲུབ་རིན་ཆེན་རྩེའི་རྫོང་དེ་ སྤྱི་ལོ་༡༦༥༤ ལུ་ ཀྲོང་གསར་དཔོན་སློབ་ ཆོས་རྒྱལ་མི་འགྱུར་བསྟན་པ་གིས་ བཞེངས་ཡོདཔ་ཨིན་པས།

རྫོང་ཁག་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ དུང་དཀར་སྣག་ཚང་ལུ་ཡང་ གནོད་སྐྱོན་དུམ་གྲ་ཅིག་ རྐྱབ་ཡོདཔ་མ་ཚད་ ཧ་ལམ་ རྒེད་འོག་༨ ག་རའི་ནང་ ཁྱིམ་མང་ཤོས་ཅིག་ལུ་ གནོད་སྐྱོན་དུམ་གྲ་རེ་དང་ དག་པ་ཅིག་ལུ་ གནོད་པ་སྦོམ་རྐྱབ་ཡོདཔ་ལས་ ད་ལྟོ་ རྒེད་འོག་ཚུ་གིས་ ཞིབ་དཔྱད་འབད་བའིབསྒང་ཡོད་ཟེར་ཨིན་པས།

མོང་སྒར་རྫོང་ཁག་ནང་ གཞི་རྟེན་ཁང་༢༡ ལུ་གནོད་སྐྱོན།

མོང་སྒར་ལུ་ཡང་ ཁ་ཙ་ཚུན་ ས་ཡོམ་གྱིས་ གཞི་རྟེན་ཁང་༢༡ དེ་ཅིག་ མེདཔ་བཏང་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་ཨིན་པས། 

ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ཨིན་རུང་ འགྱུར་མེད་རྒེད་འོག་ནང་འབད་བ་ཅིན་ སྨན་ཆུ་ན་གཡུས་ཚན་ནང་ སྡོད་ཁྱིམ་༡ རྩ་བ་ལས་ སྟེང་ཐོག་ཚུན་ གག་འགྲམ་སྦོམ་སྦེ་ ཐོན་ནི་དེ་གིས་ ཉེན་ཁ་ཡོད་མི་ལུ་བརྟེན་ ཁྱིམ་དེ་གི་མི་ཚུ་ ཕྱི་ཁར་གནས་སྐབས་ཀྱི་ གུར་སྤུབས་དེ་ སྡོད་དོ་ཡོདཔ་ཨིན་པས།

སྐྱེངས་མཁར་རྒེད་འོག་ནང་ གཡུས་ཚན་ཅིག་གི་ ཕར་ལོགས་ལུ་ཡོད་མི་ བྱག་དེ་ཡང་ རུད་ཆད་ཡོད་པའི་ཁར་ ཁྱིམ་༥ ལུ་ གནོད་སྐྱོན་དུམ་གྲ་རེ་རྐྱབ་ནུག།

དེ་བཟུམ་སྦེ་ ལྕགས་ས་མཁར་རྒེད་འོག་ལུ་ ཁྱིམ་གུང་པ་༤ དང་ ལྷ་ཁང་ཅིག་ལུ་ སེར་གུ་ཐོན་ཡོདཔ་ད་ འབྲས་སྤུངས་རྒེད་འོག་ནང་ཡང་ ཁྱིམ་༢ དང་ལྷ་ཁང་༡ དང་ 

རྩ་མང་རྒེད་འོག་ནང་ ལྷ་ཁང་དང་གཞུང་གི་ཁྱིམ་༢ ལུ་ སེར་གུ་ཆུང་ཀུ་རེ་ ཐོན་ཡོད་པའི་ སྙན་ཞུ་འབད་ནུག།

དགྲ་མེད་རྩེ་རྒེད་འོག་ནང་ ནགས་ཚལ་ཡིག་ཚནང་དང་ བ་གིང་སློབ་གྲྭ་ཆུང་བ་ལུ་གནོད་སྐྱོན་ཆུང་ཀུ་རེ་ རྐྱབ་ཡོད་རུང་ ན་རང་རྒེད་འོག་གི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཡིག་ཚང་ལུ་ གག་འགྲམ་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ཨིན་པས།

ད་ལྟོ་ གནོད་སྐྱོན་གྱི་ གནས་སྡུད་ཚུ་ བསྡུ་ལེན་འབད་བའི་བསྒང་ཡོད་པའི་གནས་ཚུལ། 

ཚེ་རིང་རྣམ་རྒྱལ། མོང་སྒར།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *