རྩིག་གྱང་རམ་མི་ ཁྱིམ་ཚུ་གི་གྲས་ལས་གཅིག།

ས་ཡོམ་གྱིས་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་རྫོང་ཁག་ནང་ གནོད་སྐྱོན་དུམ་གྲ་རེ་རྐྱབ་ཡོདཔ།

༉ ཁ་ཙ་དྲོ་པ་ ས་ཡོམ་རྐྱབ་མི་དེ་གིས་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་རྫོང་ཁག་ནང་ གནོད་པ་སྦོམ་རྐྱབ་པའི་སྙན་ཞུ་མེད་རུང་ སག་སྟེང་ལུ་ རང་ལུགས་ཀྱི་ཁྱིམ་ཅིག་ལུ་ གནོད་པ་བྱུང་པའི་སྐབས་ ཨམ་སྲུ་དང་ཨ་ལོ་ཅིག་ལུ་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས།

དེ་ཡང་ སྐྱེས་ལོ་༤༣ ལང་མི་ ཨམ་སྲུ་དང་ མོ་རའི་ཚ་བོ་ལུ་ མགུ་ཏོ་དང་རྐངམ་ལུ་ རྨ་སྐྱོན་བྱུང་ཡོདཔ་ད་ ཁོང་གཉིས་ཆ་ར་ བཀྲིས་སྒང་སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།

བཀྲིས་སྒང་སྨན་ཁང་གི་ ཌོག་ཊར་ཅིག་གིས་ སླབ་མིའི་ནང་ ནདཔ་གཉིས་ཆ་ར་ ཚེ་སྲོག་ལུ་ གནོད་ཉེན་ག་ནི་ཡང་མིན་འདུག་ཟེར་ཨིནམ་ད་ ཨམ་སྲུ་གི་ རྐངམ་གཡསཔ་དེ་ བཅགས་དཀྲུམ་བཏང་ཡོདཔ་ལས་ ཞིབ་དཔྱད་ཀྱི་དོན་ལུ་ མོང་སྒར་ལུང་ཕྱོགས་སྨན་ཁང་ནང་ བཏང་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ནདཔ་གཉིས་ཆ་རའི་མགུ་ཏོ་གུ་ རྨ་སྐྱོན་དུམ་གྲ་རེ་བྱུང་ནུག་ཟེར་ཨིནམ་ད་ ཨ་ལོ་དེ་འབད་བ་ཅིན་ ལྟ་རྟོག་གི་དོན་ལུ་ བཀྲིས་སྒང་སྨན་ཁང་ནང་ར་ བཞག་སྟེ་ཡོད་ཟེར་ཨིན་པས།

རྡོ་རྗེ་མཁའ་འགྲོ་གིས་ སླབ་མིའི་ནང་ ཁོ་རའི་ཨ་ལོ་༢ དང་ཨའི་ཚུ་ སྔོ་ཚལ་གྱིབ་ཤོག་ཁྱིམ་ནང་བཙུགས་མི་ ཚོད་བསྲེ་ཚུ་ནང་ ཆུ་བླུག་པར་འགྱོ་བའི་སྐབས་ རྐྱེན་ངན་བྱུང་ནུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཨ་ལོ་ཉི་མ་དེ་ གཡུས་མི་ཅིག་གིས་ ཚུར་འཐེན་པའི་ཤུལ་ལུ་ གནོད་སྐྱོན་འབྱུང་ནི་ལས་ བཀག་ཚུགས་ནུག་ཟེར་ཨིན་པས།

བཀྲིས་སྒང་རྫོང་ཁག་ནང་ ཁྱིམ་༡༠༠ ལྷགཔ་ཅིག་ལུ་ གནོད་པ་དུམ་གྲ་རེ་རྐྱབ་པའི་ སྙན་ཞུ་ལྷོད་ཡོདཔ་ད་ ས་གནས་གཞུང་གིས་འགོ་དཔོན་ཚུ་གིས་འབད་བ་ཅིན་ ལ་ལོ་སེར་གུ་ཐོན་ཡོདཔ་མ་ཚད་ ལ་ལོ་རྩིག་གྱང་ཚུ་ རམ་འོང་ནུག་ཟེར་ཨིན་པས།

སག་སྟེང་རྒཔོ་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ཁྱིམ་༧༠ དེ་ཅིག་ལུ་ གནོད་པ་དུམ་གྲ་རེ་རྐྱབ་ནུག་ཟེར་ཨིནམ་ད་ གནོད་པ་སྦོམ་རྐྱབ་མི་ ཁྱིམ་༥ དེ་ཅིག་ཡོདཔ་ལས་ ཉེན་བཅོལ་ལས་འཛིན་ལུ་ བརྟག་ཞིབ་འབད་གནང་ཟེར་ སླབ་སྟེ་ཡོད་ཟེར་ཨིན་པས།

སྡོད་ཁྱིམ་དང་ ལྷ་ཁང་ སློབ་གྲྭ་ཚུ་ལུ་ སེར་གུ་དུམ་གྲ་རེ་ ཐོན་ཡོདཔ་མ་གཏོགས་ གནོད་པ་སྦོམ་བྱུང་བའི་ སྙན་ཞུ་མ་ལྷོད་ཟེར་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

བཀྲིས་གཡང་རྩེ་ལུ་འབད་བ་ཅིན་ འཇམ་མཁར་རྒེད་འོག་ནང་ ཁྱིམ་༤༡ དང་ ཡ་ལང་རྒེད་འོག་ནང་ཁྱིམ་༢༥ དེ་ལས་ ཁམས་དྭངས་རྒེད་འོག་ནང་ ཁྱིམ་༡༦ དེ་ཅིག་ལུ་ གནོད་པ་དུམ་གྲ་རེ་རྐྱབ་ཡོདཔ་ད་ རྒེད་འོག་གཞན་ཚུ་ནང་ཡང་ གནོད་པ་དུམ་གྲ་རེ་རྐྱབ་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།

བཀྲིས་གཡང་རྩེ་ལུ་ གནོད་སྐྱོན་སྦོམ་རྐྱབ་ཡོད་པའི་ སྙན་ཞུ་མེད་རུང་ ད་ལྟོ་ སྙན་ཞུ་ཚུ་ བསྡུ་ལེན་འབད་བའི་བསྒང་ཡོད་ཟེར་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *