ས་མཚམས་ལོག་སྒོ་ཕྱེཝ་དང་འབྲེལ་ འབྲུག་ལུ་ཡིད་ཆེས་བསྐྱེད་རུང་བའི་བརྗོད་དོན་ཟེར་མི་ འགོ་འབྱེད་འབད་ཡོདཔ།

༉ འབྲུག་ལུ་ཡིད་ཆེས་བསྐྱེད་རུང་བའི་བརྗོད་དོན་ཐོག་ལུ་ ལྟ་བཤལ་གྱི་གཞི་རྩ་ འགོ་འབྱེད་འབད་ཡོདཔ་བཞིན་དུ་ གཞི་རྩ་དེ་  ལྟ་བཤལ་དོན་ལུ་ རྐྱངམ་གཅིག་མེན་པར་ རྒྱལ་ཁམས་ཀྱི་དོན་ལུ་ཡང་ཨིན་ཟེར་ཨིན་པས།

བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ རྒྱལ་ཁབ་ནང་ ནད་ཡམས་སྐབས་ གཅིག་མཐུན་ཐོག་ལས་ འབད་མིའི་གྲུབ་འབྲས་ལུ་ བལྟཝ་ད་ མཉམ་འབྲེལ་ཐོག་ལས་འབད་བ་ཅིན་ འབད་མ་ཚུགསཔ་ག་ནི་ཡང་ མིན་འདུག་ཟེར་ གསུངས་ཡི།

ད་རིས་ལས་ ས་མཚམས་ཚུ་ ལོག་སྟེ་སྒོ་ཕྱེ་ནི་ཨིནམ་ལས་ དེ་གིས་ ནད་ཡམས་ཐོན་པའི་ཤུལ་ལུ་ དུས་ཚོད་གསར་པའི་ གཞི་འགྱུར་གྱི་ གཞི་གནས་གསརཔ་ འགོ་བཙུགསཔ་ཨིན་ཟེར་ གསུངས་ཡི།

ས་མཚམས་ལོག་སྒོ་ཕྱེཝ་དང་འབྲེལ་ ལྟ་བཤལཔ་ཚུ་གི་དོན་ལུ་ གཞུང་འབྲེལ་དུ་ སྒོ་ཕྱེ་དོ་ཡོདཔ་ལས་ ང་བཅས་ཀྱིས་ ལྟ་བཤལཔ་ཚུ་ལུ་ ཉམས་མྱོང་དང་ མགྲོན་སྐྱོང་ཚུ་ག་དེ་དྲག་དྲག་ བྱིན་ཚུགསཔ་འབད་ནི་ཟེར་ཨིན་པས།

ལོ་ཕྱེད་དང་༢ དེ་ཅིག་གི་ཤུལ་ལས་ ལོག་སྒོ་ཕྱེཝ་ད་ ལས་སྡེ་ཚུ་གི་གྲས་ལས་ ལྟ་བཤལཔ་དེ་ ཁག་ཆེ་ཤོས་ཅིག་ཨིན་པའི་ཁར་ དུས་ཚོད་དེ་ འབྲུག་གིས་ རིན་ཐང་ཆེ་བ་དང་ གྱངས་ཁ་ཉུང་བའི་ ལྟ་བཤལ་སྲིད་བྱུས་དང་ མཐུན་ཐོག་ལས་ འབད་ནིའི་ གོ་སྐབས་ཅིག་ཨིན་ཟེར་ གསུངས་ཡི།

འབྲུག་ལྟ་བཤལ་ཚོགས་སྡེ་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ལྟ་བཤལཔ་ཚུ་ལས་ ཡུན་བརྟན་གོང་ འཕེལ་འཐུས་བསྡུ་ལེན་འབད་མི་དེ་ འབྲུག་གི་ལམ་སྲོལ་དང་ལྡན་པའི་ འཚོ་ཐབས་ཀྱི་དོན་ལུ་ གཏང་ནི་ཟེར་ཨིན་པས།

ཚོགས་སྡེའི་ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ འཐུས་ཚུ་རང་བཞིན་དང་འབྲེལ་བའི་ ལས་འགུལ་དང་ སོ་ནམ་ དེ་ལས་ རང་ལུགས་ཀྱི་གནད་དོན་ཚུ་ལུ་ ཟད་འགྲོ་གཏང་འོང་ཟེར་ཨིནམ་ད་ རྒྱལ་ཁབ་ཀྱི་ལམ་སྲོལ་ཚུ་ བདག་འཛིན་འཐབ་སྟེ་ མ་འོངས་མདུན་ལམ་ལེགས་གྱུར་ བཟོ་ནི་དེ་ཨིན་ཟེར་ཨིན་པས།

ལྟ་བཤལ་དེ་ འབྲུག་གི་དཔལ་འབྱོར་གྱི་ ཁེ་ཕན་རྐྱངམ་གཅིག་མེན་པར་ མི་སྡེའི་མཐའ་དོན་ལུ་ཡང་ དགོ་ཟེར་ཨིནམ་ད་ ཐབས་བྱུས་གསརཔ་གི་དམིགས་ཡུལ་དེ་ ལྟ་བཤལཔ་ཚུ་ རིན་ཐང་ཆེ་བའི་ ཉམས་མྱོང་འཐོབ་ཚུགསཔ་བཟོ་ནི་དང་གཅིག་ཁར་ མི་སེར་ཚུ་ལུ་ ཁྱད་རིག་གི་ ལཱ་གཡོག་དང་ འོང་འབབ་ཡོདཔ་བཟོ་ནི་ཟེར་ཨིན་པས།

ནད་ཡམས་ཀྱི་དུས་ཚོད་སྐབས་ གཞུང་གིས་ འཁོར་ལམ་ཉམས་བཅོས་དང་ རྐང་ལམ་ ལྷ་ཁང་ དགོན་སྡེ་ལ་ སོགས་པ་ཚུ་ ལེགས་བཅོས་འབད་ནིའི་ གོ་སྐབས་ལེན་ཡི་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

དམིགས་བསལ་གྱི་ལས་རིམ་ནང་ ཁ་ཙ་ ཐིམ་ཕུག་ལུ་སྦེ་ བློན་ཆེན་མཆོག་གིས་ འབྲུག་ལུ་ཡིད་ཆེས་བསྐྱེད་རུང་བའི་བརྗོད་དོན་ཟེར་མི་དེ་ཡང་ འགོ་འབྱེད་གནང་ཡོདཔ་ཨིན་པས།

ཚོགས་སྡེའི་ཚོང་འབྲེལ་འགོ་དཔོན་གཙོ་འཛིན་ ཀཱ་རིས་ས་ནི་མཱ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་ལུ་ཡིད་ཆེས་བསྐྱེད་རུང་བའི་ཟེར་མི་དེ་ ངེས་ཤེས་འདྲོངས་ཚུགས་པའི་ངོ་རྟགས་ཅིག་ གསལ་སྟོན་འབད་དོ་ཟེར་བཤད་ཅི།

བརྗོད་དོན་དེ་གི་དོན་ལུ་ སྡེ་ཚན་གྱིས་ བཀྲིས་སྒང་དང་ ལྷོ་མཚམས་ཁ་ཐུག་གི་ ས་ཁོངས་ཚུ་ནང་སོང་སྟེ་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཅི་ཟེར་ཨིནམ་ད་ མོ་གིས་ ཡིད་ཆེས་བསྐྱེད་རུང་བའི་ངོ་རྟགས་ གསལ་སྟོན་འབད་ཚུགས་མི་ལུ་ ངལ་རངས་ཡོད་

ཟེར་བཤད་ཅི།

ལས་འགུལ་གྱི་དམིགས་ཡུལ་ ངོ་མ་ར་ འབྲུག་ལུ་ ཡིད་ཆེས་བསྐྱེད་རུང་བའི་ ངོ་རྟགས་གསརཔ་ཅིག་ བཟོ་ནི་དེ་ཨིནམ་ལས་ གྲུབ་འབྲས་ཚུ་ དེ་འཕྲོ་ལས་མཐོང་ནིའི་རེ་བ་ བསྐྱེད་ནི་མི་འོང་ཟེར་ མོ་གིས་བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *