ས་མཚམས་བཅད་མཚམས་ཀྱི་ ཞིབ་འཚོལ་སྙན་ཞུ་ ད་རུང་ བསྐྱར་ཞིབ་འབད་དགོཔ།

༉ རྫོང་ཁག་ག་རའི་ནང་ རྒེད་འོག་ཚུ་གི་ས་མཚམས་དང་ བཅད་མཚམས་ཚུ་དང་འབྲེལ་བའི་ དཀའ་ངལ་ཚུ་ཡོདཔ་ལས་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་ ལས་བྱེད་ཚོགས་ཆུང་གིས་ ད་རུང་ ས་མཚམས་བཅད་མཚམས་ཀྱི་ ཞིབ་འཚོལ་སྙན་ཞུ་དེ་ བསྐྱར་ཞིབ་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ ནང་སྲིད་བློན་པོ་གིས་ཞུ་ཡི།
ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་རྒྱས་སྒང་-རྩེ་ཟའི་འཐུས་མི་ འགྱུར་མེད་དབང་ཕྱུག་གིས་ དཀར་ནག་རྒེད་འོག་གི་ བྱུ་རུ་སྒང་དང་ གནམ་གཤིས་སྒང་སྤྱི་འོག་༢ དེ་ རྒེད་འོག་ལྟེ་བ་ལས་ ཐག་རིང་སར་ཡོད་པའི་ དཀའ་ངལ་ཡོདཔ་ལས་ རྒེད་འོག་ཐད་དད་དགོ་པའི་སྐོར་ལས་ དྲི་བ་ཞུ་བའི་ལན་ལུ་ བློན་པོ་གིས་ཞུ་ཡི།
འཐུས་མི་འགྱུར་མེད་དབང་ཕྱུག་གིས་ ཞུ་མིའི་ནང་ དཀར་ནག་རྒེད་འོག་ནང་ སྤྱི་འོག་༥ ཡོད་མིའི་གྲས་ལས་ བྱུ་རུ་སྒང་དང་ གནམ་གཤིས་སྒང་སྤྱི་འོག་༢ ནང་ མི་རློབས་༣,༠༠༠ དང་ ཁྱིམ་གུང་པ་༣༠༠ ལྷགཔ་ཅིག་ཡོདཔ་ལས་ རྒེད་འོག་སོ་སོར་སྦེ་ དགོ་པའི་སྐོར་ལས་ ཞུ་བ་འབད་དེ་ར་ སྡོད་ནུག་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ སྤྱི་འོག་༢ དེ་ སྤྱི་ལོ་༡༩༩༢ ལུ་ རྒེད་འོག་སོ་སོར་སྡོད་ནིའི་ གོ་སྐབས་ཐོབ་རུང་ སྙན་ཞུ་འབད་མི་ ལེགས་ཤོམ་ཅིག་མེདཔ་ལས་ ཐོབ་མ་ཚུགསཔ་བཞིན་དུ་ ད་རུང་ སྤྱི་ལོ་༢༠༠༣ ལུ་ཡང་ གོ་སྐབས་ཐོབ་ད་ རྒེད་འོག་སོ་སོར་མེན་པར་ འཁོར་ལམ་དེ་ དགོ་ནི་ཟེར་ ལམ་དེ་ལུ་ གཙོ་བོ་བཏོན་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ སྤྱི་འོག་༢ ནང་ འགྱོ་ནིའི་དོན་ལུ་ འཁོར་ལམ་༡ ལས་བརྒལ་མེད་པའི་ཁར་ དེ་ཡང་ སྒེར་སྡེ་ཅིག་གིས་ བཏོན་ནུག་ཟེར་ཨིནམ་ད་ རྒེད་འོག་ལྟེ་བའི་ནང་ འགྱོ་བའི་སྐབས་ ཡར་དང་མར་འབདཝ་ད་ ཀི་ལོ་མི་ཊར་༡༠༠ ལྷགཔ་ཅིག་ འགྲོ་འགྲུལ་འབད་དགོཔ་ལས་ འཆར་གཞི་༡༣ པའི་ནང་ སྲིད་བྱུས་ལ་སོགས་པ་ཚུ་ ག་དེ་སྦེ་ར་ བརྩམས་ཏེ་ཡོད་ག་ཟེར་ཨིན་པས།
བློན་པོ་གིས་ ཞུ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ འདས་པའི་ཚོགས་ཐེངས་ནང་ཡང་ གསུང་གྲོས་བྱུང་ཡོདཔ་བཞིན་དུ་ བྱུ་རུ་སྒང་དང་ གནམ་གཤིས་སྒང་ལུ་ དཀའ་ངལ་ཡོད་པའི་སྐོར་ལས་ སྙན་ཞུ་ལྷོད་དོ་བཟུམ་སྦེ་ ལྷན་ཁག་ནང་ སྙན་ཞུ་ལྷོད་མི་ ཁག་ལེ་ཤ་ཡོད་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལཝ་ད་ ས་མཚམས་དང་ བཅད་མཚམས་བསྒྱུར་བཅོས་དང་ ཡར་སེང་མར་ཕབ་ཀྱི་ཐད་ཁར་ སྤྱི་ཚོགས་ཀྱིས་ བཞི་དཔྱ་༣ ལས་ མ་ཉུངམ་ཅིག་གིས་ མོས་མཐུན་ཐོག་ ཆ་འཇོག་གནང་དགོ་པས་ཟེར་ཨིན་པས།
དེ་འབདཝ་ད་ སྤྱི་ཚོགས་ནང་ མ་ལྷོད་པའི་ཧེ་མར་ འཛིན་སྐྱོང་དང་ ལྷན་ཁག་གིས་ ཞིབ་འཚོལ་དང་ གྲོས་བསྟུན་ཚུ་ མཐིལ་ཕྱིན་འབད་དགོཔ་དེ་ ཁག་ཆེཝ་ལས་ ལོ་༢ དང་༣ དེ་ཅིག་གི་རིང་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ ས་འཇལ་ལྷན་ཚོགས་དང་ བཙག་འཐུ་ལྷན་ཚོགས་ལ་སོགས་པའི་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཞིབ་འཚོལ་གྱི་ལཱ་ཚུ་ འགོ་བཙུགས་ཅི་ཟེར་ བློན་པོ་གིས་ཞུ་ཡི།
བློན་པོ་གིས་ ཞུ་མིའི་ནང་ ཞིབ་འཚོལ་གྱི་ སྙན་ཞུ་དེ་ ལྷན་ཁག་ནང་ཡོདཔ་བཞིན་དུ་ རྫོང་ཁག་ག་རའི་ནང་ སྟབས་མ་བདེཝ་ཡོདཔ་ལས་ ས་མཚམས་དང་ བཅད་མཚམས་ཀྱི་ གནད་དོན་འབད་ནི་དེ་གིས་ ཐབས་ལམ་སྣ་ཚོགས་བཏོན་ཏེ་འབད་དགོཔ་ལས་ ལས་བྱེད་ཚོགས་ཆུང་གིས་ སྙན་ཞུ་དེ་ ད་རུང་ བསྐྱར་ཞིབ་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ ཞུ་མིའི་ནང་ གནས་སྡུད་ཚུ་དང་འཁྲིལཝ་ད་ བྱུ་རུ་སྒང་དང་ གནམ་གཤིས་སྒང་སྤྱི་འོག་༢ ནང་ མི་རློབས་༡,༥༠༠ དང་ ཁྱིམ་གུང་པ་༡༥༠ ལྷགཔ་ཅིག་ ཡོདཔ་བཞིན་དུ་ རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༡༠༠ ལྷགཔ་ཅིག་ཡོདཔ་ལས་ དཀའ་ངལ་དེ་ འདུག་ཟེར་ཨིན་པས།
ཨིན་རུང་ རྒེད་འོག་གི་ ས་མཚམས་དང་བཅད་མཚམས་ དེ་ལས་ རྒེད་འོག་དེ་ སོ་སོར་བཟོ་ནི་དང་ གཅིག་ཁར་བསྡོམ་པ་ཅིན་ རྒེད་འོག་ག་དང་གཅིག་ཁར་བསྡོམ་པ་ཅིན་ དྲག་འོང་ག་ སྙན་ཞུ་བསྐྱར་ཞིབ་འབད་ཚར་བའི་ཤུལ་ལས་ ད་རེས་ཀྱི་ སྤྱི་ཚོགས་དང་ ཡང་ཅིན་ ཤུལ་མའི་སྤྱི་ཚོགས་ནང་ཡང་ རྒྱབ་སྐྱོར་གནང་སྟེ་ བྱུ་རུ་སྒང་དང་ གནམ་གཤིས་སྒང་གི་དཀའ་ངལ་དེ་ བསལ་ཚུགསཔ་ཅིག་འོང་ནིའི་ རེ་བ་ཡོད་ཟེར་ བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *