ས་མཚམས་ཕྱི་ཁའི་ བཙག་འཐུ་ལུ་བརྟེན་ སྒྲིག་གཞི་ལག་ལེན་ལུ་ ཐོ་ཕོག་དོ་ཡོདཔ།

༉ ད་རེས་ རྒྱ་གར་ ཨ་སམ་དང་ ནུབ་བེང་གཱལ་མངའ་སྡེ་གཉིས་ནང་ བཙག་འཐུ་འབད་བའི་བསྒང་ཡོདཔ་ལས་ འབྲུག་གི་སྣུམ་འཁོར་ཚུ་ ཉེར་མཁོའི་ཅ་ཆས་འབག་སྟེ་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ འགྱོ་བའི་སྐབས་ དུས་རྒྱུན་དུ་ ཞིབ་དཔྱད་འབད་དོ་ཡོདཔ་ཨིན་པས།

དེ་ཡང་ རྒྱ་གར་གྱི་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ སྣུམ་འཁོར་ནང་ན་འཛུལ་ཏེ་ ཞིབ་དཔྱད་འབད་བའི་ གནས་སྟངས་ཡང་ བྱུང་སྟེ་ཡོདཔ་ལས་ མི་ཚུ་གིས་ ནད་ཡམས་ཀོ་བིཌ་-༡༩ འཐོབ་ནིའི་ ཉེན་ཁ་ཡོད་པའི་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་པས།

ཁ་ཙ་དྲོ་པ་ལས་ ཕུན་ཚོགས་གླིང་གི་ འགེགས་སྲུང་སྒོ་ར་ བསྡམས་ཡོདཔ་བཞིན་དུ་ སྣུམ་འཁོར་ཚུ་ ཐོན་འཛུལ་མེད་རུང་ ཕུན་ཚོགས་གླིང་གི་ ལྷོ་ཕྱོགས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ འཛུལ་སྒོ་མ་བསྡམས་པའི་ཧེ་མ་ལས་ དམ་དམ་སྦེ་ར་ དམ་འཛིན་འབད་ཡོདཔ་ཨིན་པས།

ལས་བྱེད་ཚོགས་ཆུང་གི་ཁྲི་འཛིན་ བསོད་ནམས་དབང་རྒྱལ་གྱིས་ སླབ་མིའི་ནང་ རྒྱ་གར་ས་མཚམས་བདའ་སྟེ་ བཙག་འཐུ་འགོ་བཙུགས་ཡོདཔ་ལས་ འབྲུག་གི་སྣུམ་འཁོར་དེད་གཡོགཔ་ཚུ་ལུ་ སྒྲིག་གཞི་དང་ ལམ་ལུགས་སྐོར་ལས་ གོ་བརྡ་སྤྲོད་དེ་ཡོད་ཟེར་ཨིན་པས།

ཁྲི་འཛིན་གྱིས་འབད་བ་ཅིན་ དེད་གཡོགཔ་ཚུ་གིས་ ཀོ་བིཌ་-༡༩ འི་སྒྲིག་གཞི་ལུ་ གནས་ཏེ་ཡོདཔ་ད་ ཞིབ་དཔྱད་འབད་མི་ རྒྱ་གར་གྱི་ ཁྲིམས་སྲུང་འགག་པ་གིས་ཡང་ སྒྲིག་གཞི་ལུ་ དམ་དམ་སྦེ་ར་ ངོས་ལེན་འབད་དེ་ཡོད་པའི་ཁར་ ཞིབ་དཔྱད་འབད་བའི་ཤུལ་ལས་ འབྲུག་པའི་དེད་གཡོགཔ་དང་ སྣ་ཁྱིདཔ་ དེ་ལས་ སྣུམ་འཁོར་ཚུ་ སྨན་ཆུ་གཏོར་དོ་ཡོདཔ་ཨིན་པས།

དྲོ་པ་ཨ་རྟག་ར་ ཕུན་ཚོགས་གླིང་ལས་ སྣུམ་འཁོར་ཚུ་ དགེ་ལེགས་ཕུག་དང་ ཤར་ཕྱོགས་ཁ་ཐུག་ལུ་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ མ་འགྱོ་བའི་ཧེ་མར་ དེད་གཡོགཔ་ཚུ་ལུ་ ལམ་འགྲུལ་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ བརྡ་དོན་ཚུ་ སྤྲོད་དོ་ཡོད་པའི་ཁར་ སྣུམ་འཁོར་༥ ལུ་ སྐྱེལ་མའམ་ སྣ་ཁྱིདཔ་རེ་ བགོ་བཀྲམ་འབད་དོ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༢༠ ལུ་ རྒྱ་གར་ལུ་ ཀོ་བིཌ་-༡༩ ཐོབ་མི་ གྱངས་ཁ་ཡར་སེང་སོང་པའི་སྐབས་ རྒྱ་གར་གྱི་གཞུང་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཚུ་ དམ་དམ་སྦེ་ ལྟ་རྟོག་འབད་ཡོད་རུང་ ནད་འབུབ་ཐོབ་མི་ མར་བབས་སོང་པའི་ཤུལ་ལས་ འབྲུག་པའི་སྣུམ་འཁོར་ཚུ་ སྟབས་མ་བདེཝ་ ག་ནི་ཡང་མེད་པར་ འགྲུལ་སྐྱོད་འབད་ཡོདཔ་ཨིན་པས།

འཕྲལ་ཁམས་ཅིག་ཁ་ལས་ ནུབ་བེང་གཱལ་ལུ་ བཙག་འཐུ་འགོ་བཙུགས་པའི་ཤུལ་ལས་ གཞུང་ལམ་བདའ་སྟེ་ དམ་དམ་སྦེ་ར་ ལྟ་རྟོག་འབད་ནི་ འགོ་བཙུགས་ཡོདཔ་མ་ཚད་ འདས་པའི་ཉིནམ་དག་པ་ཅིག་ནང་ རྒྱ་གར་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མིའི་ གྱངས་ཁ་ཡང་ ཡར་སེང་སོང་སྟེ་ཡོདཔ་ཨིན་པས།

ཕུན་ཚོགས་གླིང་ལམ་འགྲུལ་དང་སྐྱེལ་འདྲེན་དབང་འཛིན་གྱི་ ལུང་ཕྱོགས་སྐྱེལ་འདྲེན་འགོ་དཔོན་ ཏི་ལ་ཨེམ་ཤར་མ་གིས་ སླབ་མིའི་ནང་ སྣུམ་འཁོར་སྣ་ཁྱིདཔ་ཚུ་ལུ་ པི་པི་ཨི་གྱོན་ཆས་དང་ དོང་སྤུར་ནིའི་མཁོ་ཆས་དང་ ཁ་རས་ དེ་ལས་ ལགཔ་གུ་དབུར་ནིའི་ སྨན་ཆུ་ཐེབས་ བཀྲམ་སྤེལ་འབད་དེ་ཡོད་ཟེར་ཨིན་པས།

འབྲུག་མི་དེད་གཡོགཔ་ཚུ་གིས་ གཞུང་ལམ་བདའ་སྟེ་ཡོད་པའི་ རྒྱ་ཛི་གིས་བཟོ་མི་ འགེགས་སྲུང་སྒོ་ར་ཚུ་ལུ་ དངུལ་རྐྱང་སྤྲོད་དགོཔ་ལས་ ཚ་གྱང་ཅན་ཅིག་ཨིན་རུང་ དུས་ཅི་ སྤྱི་ཟླ་༡ པའི་ནང་ དངུལ་རྐྱང་སྦེ་ སྤྲོད་མ་དགོ་པའི་ ལམ་ལུགས་བཟོ་ཡོདཔ་ཨིན་པས།

སྐྱེལ་འདྲེན་པ་དང་ དེད་གཡོགཔ་ཚུ་གིས་ ལམ་ལུགས་དེ་ ལག་ལེན་མ་འཐབ་པར་ཡོད་རུང་ དབང་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེད་གཡོགཔ་ཚུ་གིས་ སྒྲིག་གཞི་ལུ་ དམ་དམ་སྦེ་ར ངོས་ལེན་འབད་དེ་ཡོད་ཟེར་ཨིན་པས།

ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་གྱི་བར་ན་ རྒྱ་ཛི་གིས་བཟོ་མི་ འགེགས་སྲུང་སྒོ་ར་༣ ཡོདཔ་ཨིན་པས།

ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་སྡོད་མི་ མང་ཤོས་ཅིག་གིས་ ཀོ་བིཌ་-༡༩ འི་སྒྲིག་གཞི་དང་ ལམ་སྟོན་ལུ་ སྣང་མེད་བསྐྱུར་ཡོད་པའི་ མཐོང་གསལ་བྱུང་མི་དེ་ཡང་ ལ་ལོ་གིས་ ཁ་རས་ལག་ལེན་མི་འཐབ་དོ་ཡོདཔ་མ་ཚད་ ཚོང་ཁང་གི་ གདོང་ཁར་ལས་ཕར་ ལགཔ་ཆུ་འཁྱུ་ནི་ཧོད་དང་ གླང་ལེབ་བཞག་རུང་ མི་ཚུ་གིས་ འཁྱུ་མི་བཏུབ་དོ་ཡོདཔ་ཨིན་པས།

དེ་ཡང་ མི་ཚུ་གིས་འབད་བ་ཅིན་ ཁྲོམ་སྡེ་ནང་ དེ་བཟུམ་མའི་ གནས་སྟངས་དེ་ སྨན་ཁབ་བཙུགས་པའི་ཤུལ་ལས་ མཐོང་ཅི་ཟེར་ཨིནམ་ད་ ཀོ་བིཌ་-༡༩ འི་ལས་བྱེད་ཚོགས་ཆུང་གིས་ གནས་སྟངས་དེ་གི་སྐོར་ལས་ ཤེས་རྟོགས་བྱུང་སྟེ་ ཐབས་ཤེས་དང་ ཐབས་ལམ་ཚུ་ བཙུགས་ཏེ་ཡོདཔ་ཨིན་པས།

ཁྲི་འཛིན་བསོད་ནམས་དབང་རྒྱལ་གྱིས་ སླབ་མིའི་ནང་ སྨན་ཁབ་དེ་ ཉེན་སྲུང་གི་དོན་ལུ་རྐྱངམ་གཅིག་ཨིནམ་ ཧ་གོ་དགོཔ་ ཁག་ཆེ་ཟེར་ཨིནམ་ད་ ནད་ཡམས་མི་འཐོབ་ནིའི་དོན་ལས་ མི་ཚུ་གིས་ ཁ་རས་ལག་ལེན་དང་ ལགཔ་ཚུ་ འཕྲོ་མཐུད་དེ་ར་ ཆུ་འཁྱུ་དགོ་ཟེར་ བཤདཔ་ཨིན་པས།

ཕྱི་ཁ་ལས་འོང་མི་ སྣུམ་འཁོར་ཚུ་ དོས་ཕབ་ལེན་ས་ཁོངས་བརྒྱུད་དེ་ ཐད་ཀར་དུ་ སྒེར་གྱི་དོས་བཞག་ཁང་ནང་ འགྱོ་དོ་ཡོདཔ་ལས་ གལ་སྲིད་ སྒྲིག་གཞི་ཚུ་ལུ་ ལེགས་ཤོམ་སྦེ་ མ་གནས་པ་ཅིན་ ནད་གཞི་ཁྱབ་སྤེལ་འགྱོ་ནི་ ཉེན་ཁ་ཡོདཔ་ཨིན་པས།

དེ་འབདཝ་ལས་ ལས་བྱེད་ཚོགས་ཆུང་གིས་ སྒྲིག་གཞི་ཚུ་ལུ་ མ་གནས་པ་ཅིན་ ཉེས་བྱ་བཀལ་ནིའི་ ལམ་ལུགས་ཅིག་ཡང་ བཟོ་སྟེ་ཡོདཔ་བཞིན་དུ་ དོས་ཚུ་ ཐད་ཀར་དུ་ དོས་བཞག་སར་ འབག་མི་བཅུག་ནི་ཨིན་པས།

ཕུན་ཚོགས་གླིང་གི་ འགེགས་སྲུང་སྒོ་ར་དེ་ ནངས་པ་ཕྱི་རུ་ལས་ ལོག་ཕྱེ་ནི་ཨིན་པས།

རྒྱ་གར་གྱི་ བཙག་འཐུ་འགོ་བཙུགས་མི་ལུ་བརྟེན་ ལས་བྱེད་ཚོགས་ཆུང་གིས་ རྒྱ་གར་གྱི་ གཞུང་ལམ་བདའ་སྟེ་ བཟའ་འཐུང་གི་རིགས་དང་ བཟོ་སྐྲུན་ཅ་ཆས་ དེ་ལས་ དངུལ་ཐོག་འབག་མི་ སྣུམ་འཁོར་ཚུ་མ་གཏོགས་ སྣུམ་འཁོར་གཞན་དང་ འགྲུལ་པ་ཚུ་ འགྲུལ་སྐྱོད་འབད་མི་ཆོག་ཟེར་ གསལ་བསྒྲགས་འབད་དེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *