ས་མཚམས་ཕྱི་ཁ་ལས་ ཏམ་ཁུ་ནག་ཚོང་འཐབ་མི་ཚུ་ འཛིན་བཟུང་འབད་ཡོདཔ།

༉ རྒྱལ་ཁབ་ནང་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་དང་ ཕྱིར་ཚོང་འཐབ་ཆོག་པའི་ བཅའ་ཁྲིམས་གསརཔ་ བསྟར་སྤྱོད་འབད་ནིའི་གུ་ ལྷོད་ཡོད་རུང་ ཁྲིམས་དོན་དབང་འཛིན་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ ས་མཚམས་ཕྱི་ཁ་ལས་ བཀག་དམ་ཅན་གྱི་ ཏམ་ཁུ་ནག་ཚོང་འཐབ་མི་ཚུ་ འཛིན་བཟུང་འབད་ཡོདཔ་ཨིན་པས།

ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༢༦ གི་ཕྱི་རུ་ ཕུན་ཚོགས་གླིང་ དོས་ཕབ་བཀལ་ས་ཁོངས་ནང་ལས་ ཁྲིམས་འགལ་ཐོག་ལས་ ཏམ་ཁུ་ནག་ཚོང་ནང་ གྲལ་གཏོགས་འབད་མི་ ཇོ་བདག་ཅིག་ འཛིན་བཟུང་འབད་ནུག།

ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་དང་འཁྲིལཝ་ད་ ནག་ཚོང་འཐབ་མི་དེ་ ཞིབ་དཔྱད་འབད་ནིའི་དོན་ལུ་ ཕུན་ཚོགས་གླིང་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

ཏམ་ཁུའི་ཐོན་སྐྱེད་ སི་ག་རེཊ་དང་ བི་ཌི་ དེ་ལས་ བཱ་བ་ཤོག་སྒམ་ཚུ་ ནང་ཚོང་འཐབ་ནིའི་དོན་ལུ་ འབོལ་ཁྲི་འོག་ལུ་བཙུགས་ཏེ་ སྦས་ཡོདཔ་ཨིན་པས།

ཏམ་ཁུའི་ཐོན་སྐྱེད་ཚུ་ རྒྱ་གར་གྱི་སྣུམ་འཁོར་ཊཱག་ ཐོ་བཀོད་ཨང་ཌབ་ལུ་བི་༧༣-ཨེ་-༧༢༠༩ ནང་བཙུགས་ཏེ་ འབག་འོང་ཡོདཔ་ད་ ཚོང་འབྲེལ་རྒྱ་ཆེ་དྲགས་འཐབ་མིའི་ མིང་ཐོ་ལུ་ཡོད་མི་ ནང་ཆས་ཚུ་ ཐིམ་ཕུག་ལུ་ བསྐྱལ་ནི་ཨིནམ་ད་ ཐོན་སྐྱེད་ཚུ་ ཁྲིམས་འགལ་ཐོག་ལས་ རྒྱ་གར་ས་མཚམས་ལུ་སྡོད་མི་ ཚོང་པ་ཅིག་གིས་ བཀྲམ་སྤེལ་འབད་ཡོདཔ་ཨིན་པས།

ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་དང་འཁྲིལཝ་ད་ སི་ག་རེཌ་ཤོག་སྒམ་༢༧༥ དང་ བཱ་བ་ཆག་པ་༥༩༠ དེ་ལས་ བི་ཌི་མ་འདྲཝ་ཤོག་སྒམ་༡,༠༧༣ ཡོདཔ་བཞིན་དུ་ གོང་ཚད་མར་ཕབ་ཐོག་ལུ་འབད་བ་ཅིན་ དངུལ་ཀྲམ་ས་ཡ་༡.༥ དེ་ཅིག་ གནས་ནི་ཨིནམ་ད་ དེ་ཡང་ ཐོན་སྐྱེད་ཚུ་ ཐིམ་ཕུག་ལུ་འབག་སྟེ་བཙོང་པ་ཅིན་ ཁེ་སང་ལོག་ལྟབ་སྦེ་ འཐོབ་ཚུགས་ནི་ཨིན་པས།

ནང་ཆས་དེ་ལུ་ དངུལ་ཀྲམ་༡༦༨,༥༠༠ ལས་བརྒལ་ མི་གནས་ནི་ཨིན་པས།

ཕུན་ཚོགས་ཚོགས་གླིང་ ཁྲིམས་སྲུང་འགག་པ་གིས་ གནད་དོན་འདི་རྐྱངམ་གཅིག་ ཞིབ་དཔྱད་འབདཝ་མ་ཚད་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ཡང་ དོས་ཕབ་བཀལ་འབད་ས་ལས་ ཁྲིམས་འགལ་ཐོག་ ཏམ་ཁུ་ལེ་ཤ་འབག་མི་ཚུ་ འཕྱོག་བཟུང་འབད་ནུག།

ད་རེས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ཚོད་བསྲེའི་ཕད་ཙི་ནང་བཙུགས་ཏེ་ འབག་འོང་ཡོདཔ་བཞིན་དུ་ ནང་འདྲེན་འབད་མི་དེ་ ཐིམ་ཕུག་ལུ་སྡོད་མི་ཅིག་ཨིནམ་ད་ ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ནང་འདྲེན་འཐབ་མི་དེ་ བར་སྦིས་ས་ལུ་ སྣ་ཚོང་ཚོང་ཁང་བཙུགས་མི་ སྐྱེས་ལོ་༢༧ ལང་མི་ ཕོ་སྐྱེས་ཅིག་ཨིན་པས།

ཨིན་རུང་ ཁོ་གིས་ ཐོན་སྐྱེད་དེ་ མཁོ་མངགས་མ་འབད་ཟེར་ ངོས་ལེན་འབད་མ་བཏུབ་རུང་ དྲི་དཔྱད་དང་ ཞིབ་དཔྱད་ཀྱི་དོན་ལུ་ ཕུན་ཚོགས་གླིང་གི་ དོ་དམ་ལུ་ཁྱིད་ཡོདཔ་ད་ གནས་ཚུལ་བཤད་མི་དང་འཁྲིལ་བ་ཅིན་ ཁོ་ལུ་ ཏམ་ཁུའི་ཐོན་སྐྱེད་དེ་ ས་མཚམས་ཕྱི་ཁར་ ཟ་ཁང་བཙུགས་སྡོད་མི་ཅིག་གིས་ བཀྲམ་སྤེལ་འབད་ནུག་ཟེར་ཨིན་པས།

ཏམ་ཁུའི་ཐོན་སྐྱེད་ཚུ་ཡང་ དངུལ་ཀྲམ་ས་ཡ་༡.༥ གནས་པའི་ སི་ག་རེཊ་ཤོག་སྒམ་༩༥ དང་ བཟའ་ནི་གི་ ཏམ་ཁུའི་ཐོན་སྐྱེད་མ་འདྲཝ་༡,༣༠༠ དེ་ལས་ བི་ཌི་ཤོག་སྒམ་༤༩ ཡོདཔ་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༩ ལུ་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་༢ ཀྱིས་ ས་མཚམས་ཕྱི་ཁར་ལས་ ཏམ་ཁུ་འབག་མི་ བཀྲ་མ་ཤིསཔ་ཚུ་དང་ འཐབ་འཛིང་འབདཝ་ད་ ཁྲིམས་སྲུང་འགག་པ་ཅིག་ལུ་ རྨ་སྐྱོན་ཡང་ བྱུང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༨ ལུ་ དཔག་བསམ་ཁ་ ཨེ་ལི་ཅ་དམ་ལྟེ་བའི་ས་ཁོངས་ལས་ ཐིམ་ཕུག་ལུ་འབག་ནི་ཨིན་མི་ དངུལ་ཀྲམ་ས་ཡ་༢.༧ གནས་པའི་ ཏམ་ཁུའི་ཐོན་སྐྱེད་ཚུ་ འཕྱོག་བཟུང་འབད་ནུག།

གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ ཡོངས་གྲགས་ཅན་གྱི་ གྱོན་ཆས་ཚོང་ཁང་ཇོ་བདག་གི་ སྣུམ་འཁོར་ཚུ་གིས་ ཐོན་སྐྱེད་ཚུ་ ཁྲིམས་འགལ་ཐོག་ལས་ སྐྱེལ་འདྲེན་འབད་དོ་ཡོད་རུང་ ཇོ་བདག་ཚུ་གིས་ ཕྱིར་ཚོང་ཆ་མེད་བཏང་ཡི་ཟེར་ ཁ་བཟེད་མི་བཏུབ་དོ་ཡོདཔ་ཨིན་པས།

འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ ན་ཧིང་ སྤྱི་ཟླ་༣ པའི་ཚེས་༢༣ ལས་ ཕུན་ཚོགས་གླིང་གི་ འཛུལ་སྒོ་དེ་ སྒོ་བསྡམས་པའི་ཤུལ་ལས་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡༢ ཚུན་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ བསམ་གྲུབ་ལྗོངས་མཁར་ དེ་ལས་ བསམ་རྩེ་ལུ་ ཏམ་ཁུ་ནག་ཚོང་དང་ འབྲེལ་བ་ཡོད་མི་༡༤༤ འཛིན་བཟུང་འབད་ནུག།

དེ་གི་གྲས་ལས་ ད་ལྟོ་ གནད་དོན་༢༦ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ད་ ནག་ཚོང་ནང་ འབྲེལ་གཏོགས་འབད་མི་༡༤༤ ལས་༥༨ ཕུན་ཚོགས་གླིང་ལས་ཨིནམ་བཞིན་དུ་ དུས་ཅི་ མི་༡༦ དང་ ན་ཧིང་༤༢ འཛིན་བཟུང་འབད་ནུག།

སྤྱི་ལོ་༢༠༡༨ ལས་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡༢ ནང་འཁོད་ལུ་ དངུལ་ཀྲམ་ས་ཡ་༡༧.༨ གནས་པའི་ ཏམ་ཁུའི་ཐོན་སྐྱེད་ཚུ་ འཕྱོག་བཟུང་འབད་ཡོདཔ་བཞིན་དུ་ གལ་སྲིད་ ཁྲལ་དེ་ བརྒྱ་ཆ་ལས་བརྒྱ་སྦེ་ བཀལ་བ་ཅིན་ དངུལ་ཀྲམ་ས་ཡ་༣༥.༦ དེ་ཅིག་ གནས་ནི་ཨིན་པས།

དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡༢ ནང་འཁོད་ལུ་ དངུལ་ཀྲམ་ས་ཡ་༥.༩ གནས་པའི་ ཏམ་ཁུའི་ཐོན་སྐྱེད་ཚུ་ འཕྱོག་བཟུང་འབད་མི་དེ་ ཁྲལ་བཀལཝ་ད་ དངུལ་ཀྲམ་ས་ཡ་༡༡.༩ འོང་ནི་ཨིནམ་ད་ སྤྱི་ལོ་༢༠༢༠ ལུ་འབད་བ་ཅིན་ དངུལ་ཀྲམ་ས་ཡ་༧ གནས་པའི་ ཏམ་ཁུའི་ཐོན་སྐྱེད་ཚུ་ འཕྱོག་བཟུང་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *