ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ།

ས་མཚམས་ཁར་སྡོད་མི་ཚུ་ལུ་ སྨན་ཁབ་ཐེངས་༢ པའི་ གཙོ་རིམ་མི་བྱིན་ནི།

༉ ཁ་ཙ་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ས་མཚམས་ཁར་སྡོད་མི་ཚུ་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ ཉེན་ཁ་ཡོད་རུང་ གཞུང་གིས་ སྨན་ཁབ་ཐེངས་༢ པའི་ གཙོ་རིམ་བྱིན་ནིའི་ འཆར་གཞི་མེད་ཟེར་ རྒྱལ་ཡོངས་ཚོགས་འདུའི་ནང་ གསལ་ཞུ་ཕུལ་ཡི།

དེ་ཡང་ པདྨ་དགའ་ཚལ་གྱི་ ན་ནོང་- ཤུ་མར་གྱི་འཐུས་མི་ ལུང་བསྟན་རྣམ་རྒྱལ་གྱིས་ ས་མཚམས་ཁར་སྡོད་མི་ཚུ་ལུ་ ནད་ཡམས་ཀྱི་ ཉེན་ཁ་ཡོད་མི་ལུ་བརྟེན་ སྨན་ཁབ་ཐེངས་༢ པ་དེ་ ཁོང་ལུ་ གཙོ་རིམ་བྱིན་ནིའི་འཆར་གཞི་ཚུ་ ག་དེ་སྦེ་ཡོད་ག་ཟེར་ དྲི་བ་བཀོད་པའི་ ལན་ལུ་ཨིན་པས།

བློན་ཆེན་གྱི་ མགྲིན་ཚབ་སྦེ་ ཕྱི་འབྲེལ་བློན་པོ་གིས་ ད་ལྟོ་ རྒྱལ་ཁབ་གཞན་ཚུ་ནང་བཟུམ་སྦེ་ ནད་ཡམས་ཀྱི་ཉེན་ཁ་ ཚབས་ ཆེན་མེད་རུང་ འདས་པའི་ཆུ་ཚོད་༢༤ འི་ནང་འཁོད་ལུ་ མི་༣༠ དེ་ཅིག་ལུ་ ཀོ་བིཌ་-༡༩ ཐོབ་མི་ཚུ་ བདའ་ཟུན་མི་བརྩིཝ་ད་ ད་ལྟོ་ མི་གྲངས་༣༡༨ ལུ་ ནད་གཞི་ཐོབ་སྟེ་ཡོད་ཟེར་ཞུ་ཡི།

ནད་གཞི་ཐོབ་མི་ཚུ་ཡང་ སྨན་ཁབ་ཐེངས་དང་པ་ བཙུགས་ཡོདཔ་ལས་ ད་ལྟོ་ག་ར་ གནས་སྟངས་ལེགས་ཤོམ་ཐོག་ལུ་ཡོད་ཟེར་ བློན་པོ་གིས་ཞུ་ཡི།

ད་ལྟོ་ སྨན་ཁབ་༦༡,༧༠༠ དེ་ཅིག་ཡོད་མི་དེ་ ཕྱིའི་རྒྱལ་ཁབ་ཚུ་ནང་ དཔེ་ཆ་བལྟ་བར་སོང་མི་དང་ ནད་གཡོག་རྒྱུག་པར་སོང་མི་ དེ་ལས་ ཨ་ལོ་སྐྱེ་ནི་ཡོད་མི་དང་ ཨོམ་བྱིན་པའི་བསྒང་ཡོད་མི་ཚུ་ལུ་ བཙུགས་དོ་ཟེར་ཞུ་ཡི།

སྨན་ཁབ་ཐེངས་༢ པ་དེ་ ད་རེས་ཀྱི་ཟླ་མཇུག་ལུ་ རྐྱབ་དགོཔ་ཨིན་རུང་ གསོ་བ་ལྷན་ཁག་གི་ རྒྱལ་ཡོངས་སྨན་ཁབ་ཁྱད་རིག་གྲོས་སྟོན་ཚོགས་ཆུང་གིས་ ཐག་གཅད་མི་ལུ་ ཆ་བཞག་སྟེ་བཙུགས་འོང་ཟེར་ བློན་པོ་གིས་ཞུ་ཡི།

མི་རློབས་ལས་བཅད་པ་ཅིན་ ཕུན་ཚོགས་གླིང་ལུ་༢༡,༡༨༩ དང་ བསམ་གྲུབ་ལྗོངས་མཁར་ལུ་༡༡,༠༠༠ བསམ་རྩེ་ལུ་༡༥,༠༠༠ གསར་སྤང་ལུ་༩,༠༠༠ དར་དཀར་ནང་ལུ་༢,༠༠༠ པདྨ་དགའ་ཚལ་ངང་ལམ་ལུ་༦,༢༣༠ གཞལམ་སྒང་ལུ་༢,༠༠༠ དེ་ཅིག་འབདཝ་ད་ བསྡོམས་ཀྱིས་ ས་མཚམས་བདའ་སྡོད་མི་༧༢,༧༥༣ དེ་ཅིག་ལུ་ སྨན་ཁབ་ཐེངས་༢ པ་དེ་ བཙུགས་དགོ་ནི་ཨིན་པས།

གཞུང་གིས་འབད་བ་ཅིན་ སྨན་ཁབ་དེ་ ག་ར་ལུ་འདྲན་འདྲ་སྦེ་རྐྱབ་པ་ཅིན་ ཕན་པ་ཆེ་ནི་ཨིནམ་ལས་ དེ་སྦེ་ར་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ བློན་པོ་གིས་ཞུ་ཡི།

སྨན་ཁབ་བཙུགས་ནིའི་ཐད་ཁར་ ཟླཝ་འདི་མ་རྫོགསཔ་ཅིག་ལུ་ སྨན་ཁབ་ཐེངས་༢ པ་ལྷོད་པ་ཅིན་ རྐྱབ་ནི་ཨིན་རུང་ གལ་སྲིད་མ་ལྷོད་པ་ཅིན་ གྲོས་སྟོན་ཚོགས་ཆུང་དང་འཁྲིལ་ ཉེན་ཁ་ཡོད་མི་ཚུ་ལུ་ བཙུགས་ནི་ཨིནམ་ད་ གནད་དོན་དེ་ བློན་ཆེན་ཁོ་རང་ ལོག་ལྷོད་པའི་ཤུལ་ལས་ གྲོས་བསྟུན་འབད་དེ་ ཐག་གཅད་ནི་ཨིན་པས།

བློན་པོ་གིས་ ཡང་བསྐྱར་དུ་ སྨན་ཁབ་བཙུགས་ནིའི་ དམིགས་གཏད་དེ་ ག་ར་གཅིག་ཁར་སྦེ་ བཙུགས་ནིའི་འཆར་གཞི་ཡོད་རུང་ གཙོ་བོ་ར་ སྨན་ཁབ་དེ་ འཐོབ་མ་ཐོབ་ལུ་ རག་ལས་ནི་མས་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *