ས་ཆ་དང་འབྲེལ་བའི་ སྟབས་མ་བདེཝ་བྱུང་མི་ལུ་བརྟེན་ སེམས་དང་མ་ལྡན་པར་ཡོདཔ།

༉ ད་རེས་ནངས་པར་ སྤ་རོ་ ནགས་རྒྱ་རྒེད་འོག་ ལྟོ་ཁ་དང་ ཚེ་ཚེ་ཁ་ དེ་ལས་ ཝ་ན་ཁ་གཡུས་ཚན་གྱི་ མི་སེར་ཚུ་ ས་ཆ་དང་འབྲེལ་བའི་ སྟབས་མ་བདེཝ་བྱུང་མི་ལུ་བརྟེན་ སེམས་དང་མ་ལྡན་པར་འདུག།
དེ་ཡང་ ཝ་ན་ཁ་སྤྱི་འོག་གི་ མི་སེར་ཚུ་གིས་ ས་ཚབ་ཚུ་ ཁོང་རའི་སྤྱི་འོག་ནང་ལས་ བྱིན་ནི་མེདཔ་ཅིག་ འབད་གནང་ཟེར་ སྤ་རོ་རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་བའི་མཐའ་མར་ རྫོང་ཁག་བདག་སྐྱོང་གིས་ དབང་བཙོང་ཐོག་ལས་ སྦིས་ཏེ་ཁའི་ མི་སེར་ཚུ་ལུ་ ཁོང་རའི་སྤྱི་འོག་ནང་ བྱིན་མི་ལུ་བརྟེན་ མི་སེར་ཚུ་གིས་ རྫོང་ཁག་བདག་སྐྱོང་ལུ་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
གནད་དོན་དེའི་ཐོག་ལུ་ ཝ་ན་ཁའི་མི་སེར་ཚུ་གིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལུ་ ལེན་ཐེངས་༢ དེ་ཅིག་ སྙན་ཞུ་འབད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༧ ལུ་ཡང་ ད་རུང་ ལྷན་ཚོགས་ལུ་ བཅར་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༣ ལུ་ གཞུང་གིས་ སྦིས་ཏེ་ཁ་འབྲིང་རིམ་སློབ་གྲྭ་བར་མ་དེ་ སྒེར་གྱི་ས་ཚན་༤ ལེན་ཐོག་ལས་ རྒྱ་སྐྱེད་འབད་ཡོདཔ་བཞིན་དུ་ སའི་ཇོ་བདག་༢ ཀྱིས་ ས་ཚབ་ཐོབ་སྟེ་འབད་རུང་ གཞན་མི་༢ ཀྱིས་ ས་ཚབ་མ་ཐོབ་པར་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ ཝ་ན་ཁ་སྤྱི་འོག་གི་ མི་སེར་༩༠ དེ་ཅིག་གིས་ ལག་རྗེས་བཀོད་ཐོག་ལས་ ས་ཆ་ལྷན་ཚོགས་ལུ་ ཞུ་ཡིག་ཕུལ་མི་དང་འཁྲིལཝ་ད་ གཡུས་ཚན་༣ གྱི་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་ག་ནི་ཡང་མེད་པར་ རྫོང་ཁག་བདག་སྐྱོང་དང་ རྒེད་འོག་གིས་ སྦིས་ཏེ་ཁ་གི་ མི་སེར་ཚུ་ལུ་ ས་ཚབ་བྱིན་ནིའི་དོན་ལས་ ངོས་འཛིན་འབད་དེ་ འདུག་ཟེར་ཨིན་པས།
སྦིས་ཏེ་ཁ་སློབ་གྲྭ་དེ་ རྒྱ་སྐྱེད་འབད་ནིའི་དོན་ལུ་ མི་སེར་གྱི་ས་ཆ་ལེན་པའི་སྐབས་ ཝ་ན་ཁ་སྤྱི་འོག་གི་ མི་སེར་ཚུ་ རྒེད་འོག་ཡང་ ཆུ་ཁ་དང་ དགེ་གླིང་རྒེད་འོག་ནང་ཨིནམ་ལས་ སྦིས་ཏེ་ཁའི་ ས་ཚབ་དེ་ ཝ་ན་ཁ་ལས་དགོཔ་སྦེ་ འཇལ་བར་འོངས་པའི་སྐབས་ མི་སེར་དམངས་ཀྱིས་ སྤྲོད་མ་ཚུགས་པའི་ ར་ཁུངས་བཀལ་ཏེ་ཞུ་རུང་ ལོག་ས་ཚབ་དེ་ ཝ་ན་ཁ་ལས་དགོཔ་སྦེ་ སླབ་ཐོནམ་ད་ མི་སེར་གྱིས་ འཛོམས་འདུ་རྐྱབ་སྟེ་ ས་ཆ་ལྷན་ཚོགས་ཀྱི་དྲུང་ཆེན་ལུ་ ཞུ་ཡིག་ཅིག་ཡང་ སྤྱི་ལོ་༢༠༡༦ ཟླ་༣ པའི་ཚེས་༡༧ ལུ་ བཙུགས་ནུག།
དར་མགོ་རྡོ་རྗེ་གིས་ སླབ་མིའི་ནང་ ཝ་ན་ཁ་ལས་ ས་ཚབ་བྱིན་མ་ཚུགས་མི་དེ་ཡང་ ཧཱ་གི་གཞུང་ལམ་རྙིངམ་དེ་ཡང་ འཕྲལ་མགྱོགས་ར་ རྒྱ་སྐྱེད་འབད་ནི་ཨིནམ་ལས་ ཝ་ནཔ་གུང་པ་༣༠ ལྷགཔ་ཅིག་གི་ ས་ཆ་ཚུད་ནི་ཨིནམ་ལས་ དེ་ཚུ་གི་ ས་ཚབ་ཡང་ སྤྱི་འོག་དེ་ནང་ལས་མ་གཏོགས་ གཞན་ཁ་ལས་ འཚོལ་ཐབས་མེདཔ་ལས་ གཞུང་ས་སྟོངམ་ བཞག་དགོཔ་ཁག་ཆེ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ད་རེས་ནངས་པར་ ཆུ་ཁ་དང་ ཧཱ་གི་ ཕྲང་ལམ་སེལ་བའི་བསྒང་ཡོད་མི་དེ་གིས་ སྒེར་གྱི་ས་ཆ་ཚུ་ ས་རུད་དང་ ཆུ་རུད་ཀྱིས་མེདཔ་གཏང་མི་གི་ ས་ཚབ་ཡང་ སྤྱི་འོག་ནང་ལས་ འཇལ་དགོཔ་སྦེ་ཡོད་མི་ལུ་བརྟེན༌ བྱིན་མ་ཚུགས་པའི་ཁར་ མ་འོངས་པར་ ཝ་ན་ཁ་སློབ་གྲྭ་ལྟེ་བ་ རྒྱ་སྐྱེད་འབདཝ་ད་ སྒེར་གྱི་ས་ཆ་ བྱིན་དགོཔ་བྱུང་ནི་ཨིན་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཝ་ན་ཁ་སྤྱི་འོག་ནང་ གཞུང་ས་སྟོངམ་ ཚད་ཅིག་ལས་བརྒལ་མེདཔ་ལས་ གཡུས་ཚན་༣ གྱི་དོན་ལུ་ བཞག་པ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིནམ་བཞིན་དུ་ སྦིས་ཏེ་ཁ་ལུ་ གཞུང་ས་སྟོངམ་ལེ་ཤ་ཡོད་རུང་ ཁོང་རའི་སྤྱི་འོག་ལས་ར་ ས་ཚབ་ངོས་འཛིན་འབད་མི་དེ་ ག་ཅི་ལུ་བརྟེན་ཨིན་ན་ ཧ་གོ་མ་ཚུགས་ཟེར་ དར་མགོ་རྡོ་རྗེ་གིས་ བཤད་ཅི།
ཝ་ན་ཁ་སྤྱི་འོག་གི་ ད་རུང་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༧ ལུ་ གནད་དོན་དེའི་ཐོག་ལུ་ ས་ཆ་ལྷན་ཚོགས་ལུ་ ཞུ་ཚིག་ཕུལ་མི་དང་འཁྲིལཝད་ སྤ་རོ་རྫོང་རབ་ཀྱིས་ གཡུས་མི་ཚུ་ལུ་ འཇིགས་དྲག་སྟོན་ཏེ་ དབང་བཙོང་ཐོག་ལས་ ས་འཇལ་ཡི་ཟེར་ཨིན་པས།
རྫོང་རབ་ཀྱིས་གཙོས་པའི་ རྒེད་འོག་གི་རྒཔོ་དང་ སྦིས་ཏེ་ཁའི་ ས་ཚབ་ལེན་མི་ དེ་ལས་ རྫོང་ཁག་ས་ཁྲམ་སྡེ་ཚན་ལས་ ས་འཇལ་པ་ཚུ་ འོང་པའི་སྐབས་ ཝ་ན་ཁ་དང་ ལྟོ་ཁའི་ཚོགས་པ་ དེ་ལས་ གཡུས་མི་རྒན་ཤོས་ དར་མགོ་རྡོ་རྗེ་གཉིས་ཀྱིས་ རྫོང་རབ་ལུ་ ཝ་ན་ཁ་སྤྱི་འོག་གི་ རང་དབང་གི་ས་ཆ་སྐོར་ལས་ ཁ་གསལ་སྦེ་ རྫོང་རབ་ལུ་ཞུ་བའི་སྐབས་ རྫོང་རབ་ཀྱིས་ དེ་འཕྲོ་ལས་ ཚོགས་པ་དང་ དར་མགོ་རྡོ་རྗེ་ལུ་ འཇིགས་དྲག་སྟོན་ཏེ་ ཉན་མ་བཏུབ་པར་ རྒཔོ་བགྲེསཔ་རྡོ་ཕུག་དང་ ཨའུ་ཚེ་རིང་༢ ལུ་ སྦིས་ཏེ་ཁའི་ས་ཚབ་ འཇལ་ཏེ་སྤྲོད་ཟེར་ ཞུ་ཚིག་ནང་བཀོད་ཡོདཔ་བཞིན་དུ་ ས་ཚབ་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༧ ལུ་ འཇལ་ཡོདཔ་ཨིན་པས།
ཝ་ན་ཁ་ཚོགས་པ་ འཇམ་དཔལ་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༧ ཟླ་༡༠ པའི་ཚེས་༣༠ ལུ་ སྤ་རོ་རྫོང་ཁག་ ས་ཁྲམ་སྡེ་ཚན་ནང་ རྫོང་རབ་ཀྱིས་ འགོ་འདྲེན་ཐོག་ལས་ འཛོམས་འདུ་ཅིག་ འཚོགས་པའི་སྐབས་ རྫོང་རབ་ཀྱིས་ ཝ་ན་ཁ་སློབ་གྲྭ་ལྟེ་བའི་ ཉེ་འདབས་ལུ་ཡོད་པའི་ གཞུང་ས་ནང་ལས་ སྤྱི་འོག་གཞན་ཁའི་ མི་སེར་ཕར་བཞག་ ཐ་ན་ ཝ་ན་ཁ་སྤྱི་འོག་གི་ མི་སེར་ཨིན་རུང་ ས་ཚབ་དེ་ རྩ་ལས་སྤྲོད་ནི་མེད་ཟེར་བའི་ གྲོས་འཆམ་བྱུང་ཡི་ཟེར་ཨིན་པས།
མི་སེར་དམངས་ཀྱི་ གྲོས་ཆོད་ཚུ་ ལྷན་ཚོགས་ལུ་ཕུལ་རུང་ ད་རུང་ སྦིས་ཏེ་ཁ་གི་ རྩ་བོ་༣ གྱིས་ ས་ཚབ་དེ་ ཝ་ན་ཁ་ལས་ དགོཔ་སྦེ་འོང་མི་ལུ་བརྟེན་ བཀག་ཆ་འབདཝ་ལས་ ཁོང་གིས་ སྤ་རོ་ཁྲིམས་ཀྱི་འདུན་སར་ ཞུ་ཡིག་ཕུལཝ་ད་ ཁྲིམས་ཀྱི་འདུན་ས་ལས་ ཕྱིར་འབུད་ཀྱི་ འཁྲུན་ཆོད་གནང་བའི་མཐའ་མར་ ད་རུང་ ད་རེས་ རྫོང་ཁག་ས་ཁྲམ་གྱི་ འཛིང་རྙོགས་ཚོགས་པ་ལས་ ཝ་ན་ཁ་ཚོགས་པ་འོག་གི་ མི་སེར་དམངས་ཀྱི་ ས་ཚབ་ལུ་ ངག་བརྗོད་ཕུལ་ནིའི་ གོ་སྐབས་ཐོབ་ཅི་ཟེར་ཨིན་པས།
ཝ་ན་ཁའི་ཚོགས་པ་བགྲེསཔ་ དབང་འདུས་རྒྱལ་མཚན་གྱིས་ སླབ་མིའི་ནང་ རྫོང་རབ་དེ་ལུ་ གནད་དོན་ཐོག་ལུ་ དོགས་སེལ་འབད་བའི་སྐབས་ ཁོ་གིས་ འཇིགས་དྲག་སྟོན་པའི་སྐབས་ དར་མགོ་རྡོ་རྗེ་དེ་ བྲོས་ཟུར་འབད་འགྱོ་དགོཔ་ ཐོན་སོ་ཡི་ཟེར་ཨིན་པས།
ཨིན་རུང་ སྤ་རོ་རྫོང་རབ་ ཀུན་ལེགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ས་གོ་དེ་ནང་ལས་ ས་འཇལ་ནིའི་གྲོས་ཐག་དེ་ཡང་ ཚོགས་ཆུང་གིས་ ཐག་བཅད་ཡོདཔ་བཞིན་དུ་ གཞུང་ས་དེ་ལུ་ དབང་ཚད་ག་ལུ་ཡང་མེདཔ་མ་ཚད་ ག་ཅི་ར་འབད་རུང་ ཁྲིམས་དང་འཁྲིལ་ཏེ་ འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཡུས་མི་ཚུ་གིས་ ས་འཇལ་མ་བཅུག་པར་ སྦིས་ཏེ་ཁའི་མི་སེར་ཚུ་གིས་ ས་ཚབ་མ་ཐོབ་པར་ ལོ་༡༥ དེ་ཅིག་ ལང་སོ་ནུག་ཟེར་ཨིནམ་ད་ ཝ་ནཔ་ཚུ་གིས་ ས་འཇལ་མི་དང་ འགོ་དཔོན་ཚུ་ལུ་ཡང་ འཇིགས་དྲག་སྟོན་ཡོད་པའི་ ལོ་རྒྱུས་འདུག་ཟེར་ཨིན་པས།
ཀུན་ལེགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ད་རེས་ ཝ་ན་ཁ་གི་ མི་སེར་ཚུ་གིས་སླབ་མི་དེ་ མ་འོངས་འཆར་གཞིའི་སྐོར་ལས་ ཨིན་མས་ཟེར་ཨིནམ་ད་ ཝ་ན་ཁ་རྒེད་འོག་དེ་ སྤྱི་ལོ་༢༠༠༧ ཚུན་ ཆུ་ཁ་དགེ་གླིང་རྒེད་འོག་གི་འོག་ལུ་ ཨིན་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *