ཐིམ་ཕུག་རྫོང་ཁག་ཚོགས་འདུ་ འཚོགས་པའི་བསྒང་།

ས་ཆ་ཌེ་སི་མཱལ་༡༠ ཡོད་རུང་ ཁྲམ་སྤོ་སོར་འབད་དགོ་པའི་གྲོས་འབུལ།

༉ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་ཁྲོམ་ཚོགས་གོང་འཕེལ་ལྷན་ཚོགས་ཀྱི་ བཀའ་རྒྱ་དང་འཁྲིལཝ་ད་ ས་ཆ་ཌེ་སི་མཱལ་༡༣ མེད་པ་ཅིན་ ཁྲམ་སྤ་སོར་འབད་མ་ཆོག་པའི་ གསལ་བསྒྲགས་འབད་མི་དེ་ལུ་ ཐིམ་ཕུག་རྫོང་ཁག་ཚོགས་འདུ་གིས་ སྤྱིར་བཏང་གྲོས་འབུལ་སྦེ་ སའི་བཅའ་ཁྲིམས་དང་འཁྲིལ་ ས་ཆ་ཌེ་སི་མཱལ་༡༠ ཡོད་རུང་ ཁྲམ་སྤ་སོར་འབད་ཆོག་པའི་ གྲོས་ཐག་བཅད་ཡོདཔ་ཨིན་པས།
འདས་པའི་བདུན་ཕྲག་ནང་འཚོགས་མི་ རྫོང་ཁག་ཚོགས་འདུའི་སྐབས་ རྒེད་འོག་གི་ མགྲིན་ཚབ་ཚུ་གིས་ ཕམ་ལ་ལོ་ཅིག་ལུ་ ས་ཆ་ཉུང་སུ་ལས་མེད་ནི་དེ་གིས་ ཨ་ལོ་ཚུ་ལུ་ བགོ་བཤའ་རྐྱབ་པའི་སྐབས་ ཁྱབ་བསྒྲགས་དང་འཁྲིལ་ ཁྱབ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ མི་སེར་ཚུ་ ཚ་གྱང་ལང་སྟེ་འདུག་ཟེར་ བཤདཔ་ཨིན་པས།
ལྕང་རྒེད་འོག་གི་དམངས་མི་ འཇམ་དབྱངས་ལྷ་མོ་གིས་ ལྷན་ཚོགས་ཀྱི་ བཀའ་རྒྱ་དང་འཁྲིལཝ་ད་ ས་ཆ་ཉོ་བཙོང་འཐབ་མི་ཚུ་གི་ཐད་ཁར་ མ་བཏུབ་མེད་རུང་ ལྕང་རྒེད་འོག་ནང་བཟུམ་ཅིག་འབད་བ་ཅིན་ མི་སེར་མང་ཤོས་ཅིག་ལུ་ ཁྲམ་སྤོ་སོར་དང་ སྐལ་བགོ་བཤའི་དོན་ལུ་ ཞབས་ཏོག་ལེན་པར་འོང་དོ་ཡོདཔ་ལས་ མི་སེར་ཚུ་ ཚ་གྱང་ལང་སྟེ་འདུག་ཟེར་ ཚོགས་འདུའི་ནང་ གསལ་ཞུ་ཕུལ་ཡི།
ཕམ་ཅིག་ལུ་ ས་ཆ་ཌེ་སི་མཱལ་༡༣ མ་ལང་པ་ཅིན་ རང་གི་བུ་གཞི་ཚུ་ལུ་ སྐལ་བགོ་བྱིན་ནི་ལུ་ གནམ་མེད་ས་མེད་ དཀའ་ངལ་ འཐོན་ནི་ཨིནམ་ལས་ ད་ལྟོ་ལས་ར་ ཌེ་སི་མཱལ་༡༠ ཡོད་མི་ཚུ་ཨིན་པ་ཅིན་ ཁྲམ་སྤོ་སོར་འབད་ཆོག་པའི་ གནང་བ་བཟོ་དགོཔ་ འདུག་ཟེར་ མོ་གིས་བཤད་ཅི།
གནད་དོན་དེ་ལུ་ རྫོང་ཁག་བཟོ་རིག་འགོ་དཔོན་གྱིས་ ཁྱབ་བསྒྲགས་འབད་མི་ལུ་ འབད་ཐབས་ག་ནི་ཡང་ མ་མཐོང་རུང་ འགོ་འཛིན་ལས་ དོགས་སེལ་ལེན་དགོཔ་འདུག་ཟེར་ སླབ་ཨིན་པས།
ཐིམ་ཕུག་རྫོང་རབ་ཀྱིས་ བཀའ་རྒྱ་དེ་ལུ་ ཚ་གྱང་ལང་ཡི་ཟེར་ བཤད་ཡོདཔ་ད་ ས་ཁྲམ་གྱི་ སྒྲིག་གཞི་ལམ་ལུགས་དང་འཁྲིལཝ་ད་ ཚེ་འདས་ཀྱི་ མིང་ཐོ་ལུ་ཡང་ ཁྲམ་རྩ་ལས་མ་བཞག་པར་ སྤོ་དགོཔ་སྦེ་འདུག་ཟེར་ཨིནམ་ད་ སྟབས་མ་བདེཝ་དེ་གི་སྐོར་ལས་ ས་འཇལ་ལྷན་ཚོགས་ཀྱི་ མདོ་ཆེན་དང་གཅིག་ཁར་ འབྲེལ་བ་འཐབ་ད་ བཅའ་ཁྲིམས་ནང་མེད་རུང་ ལྷན་ཚོགས་ཀྱིས་ བཀའ་རྒྱ་བཏོན་ཡོད་རུང་ དེ་དང་འཁྲིལ་ བཅའ་ཁྲིམས་ཡང་ བསྒྱུར་བཅོས་འགྱོ་མི་འགྱོ་ སླབ་མི་ཤེས་པས་ཟེར་ སླབ་ནི་འདུག་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ དཀའ་ངལ་ཡོད་མི་དེ་ ག་དེ་སྦེ་ སེལ་ཐབས་འབད་ནི་ཨིན་ན་ཟེར་ དྲི་བའི་སྐབས་ ས་ཁྲམ་ཡིག་ཚང་གིས་ དེ་ལུ་ ལན་སླབ་ནི་མིན་འདུག་ཟེར་ རྫོང་རབ་ཀྱིས་བཤད་ཅི།
གནད་དོན་དེ་ རྫོང་ཁག་ཚོགས་འདུའི་ནང་ ཐོན་ཡོད་པའི་སྐོར་ལས་ ལྷན་ཚོགས་ལུ་ གྲོས་གཞི་སྦེ་ བཙུགས་པ་ཅིན་ཟེར་བའི་ བསམ་བཀོད་འབད་ཡི།
ཐིམ་ཕུག་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཚེ་དབང་རིག་འཛིན་གྱིས་ ས་ཁོངས་ཀྱི་འཆར་གཞི་རྩམ་ད་ ཁོང་རའི་ནང་འཁོད་ལུ་ ས་ཆའི་ཚད་གཞི་བཟོ་ནིའི་ དབང་ཚད་ཅིག་ཨིན་རུང་ ས་ཚབ་སྤྲོདཔ་ད་ ཌེ་སི་མཱལ་༡༠ སྦེ་ཡང་ སྤྲོད་མི་ཡོདཔ་ ལས་ སའི་བཅའ་ཁྲིམས་ལྟར་འབད་བ་ཅིན་ དེ་དང་འཁྲིལ་ཏེ་ར་ འབད་དགོཔ་འོང་ཟེར་བཤད་ཅི།
ས་ཁོངས་ཀྱི་ འཆར་གཞི་དང་འཁྲིལ་ཏེ་ ཚད་གཞི་བཟོ་སྟེ་ཡོད་རུང་ ཁྲམ་ནང་ ས་ཆ་དེ་ཅིག་བརྒལ་ལས་མེད་པ་ཅིན་ ས་ཌེ་སི་མཱལ་༥ ལས་མེད་རུང་ ཁྱིམ་རྐྱབ་ནིའི་གནང་བ་བྱིན་སྲོལ་ཡོདཔ་ལས་ དེ་བཟུམ་ཅིག་སྦེ་ རྫོང་ཁག་ཚོགས་འདུ་གིས་ ཐག་བཏོགས་ཏེ་ ཁ་གསལ་ཅིག་བྲིས་ཞིནམ་ལས་ ལྷན་ཚོགས་ལུ་ བཙུགས་པ་ཅིན་ཟེར་བའི་ བསམ་འཆར་བཤད་ཅི།
དགེ་བསྙེན་རྒཔོ་ དཀོན་མཆོག་གིས་ མི་སེར་ག་ར་ ས་གཞི་ལུ་བརྟེན་སྡོད་མི་ཅིག་འབདཝ་ལས་ ཚ་གྱང་ལང་ཡི་ཟེར་ བཤད་ ཡོདཔ་ད་ གཡུས་ཁ་ལུ་ ཁྱིམ་རྐྱབ་རུང་ ཁང་གླ་ནང་སྡོད་མི་མེདཔ་ལས་ ཨ་ལོ་མངམ་ཡོད་པ་ཅིན་ བགོ་བཤའ་ག་དེ་སྦེ་ རྐྱབ་ནི་སྨོ་ཟེར་ རྒཔོ་གིས་ དྲི་བཀོད་འབད་ཡི།
ཁྲི་འཛིན་གྱིས་ འདས་པའི་ས་གནས་གཞུང་དང་པ་དང་༢ པའི་ནང་ ས་ཆ་དང་འབྲེལ་བའི་ གྲོས་བསྟུན་འབདཝ་ད་ བཅའ་ཁྲིམས་ དང་ བཅའ་ཡིག་ཚུ་ནང་ བཀོད་དགོཔ་སྦེ་ རྒེད་འོག་ག་རང་གིས་ ཌེ་སི་མཱལ་༡༠ ལུ་ ཐག་བཅད་དེ་ བཅའ་ཁྲིམས་ནང་ཡང་ དེ་སྦེ་ ཚུད་ཚུདཔ་ཨིན་ཟེར་བཤད་ཅི།
དེ་སྐབས་ མི་སེར་གྱི་ཞུ་བ་དེ་ ལ་ལོ་ཅིག་གིས་ ཌེ་སི་མཱལ་༥ ལས་མེད་རུང་ ཁྲམ་རྐྱབ་ཆོགཔ་སྦེ་ བཟོ་དགོཔ་སླབ་མི་ ལེ་ཤ་ཐོནམ་ད་ ཉུང་ཤོས་ཌེ་སི་མཱལ་༡༠ བཞག་དགོ་པས་ཟེར་ ཐག་བཅད་དེ་ དེ་སྦེ་འབད་འབདཝ་ཨིནམ་ལས་ སའི་བཅའ་ཁྲིམས་དེ་ ད་ལྟོ་ བསྒྱུར་བཅོས་འབད་དེ་མེདཔ་ལས་ རྫོང་ཁག་ཚོགས་འདུ་གིས་ སའི་བཅའ་ཁྲིམས་ལྟར་ སྔར་ག་ཨིནམ་སྦེ་ ཌེ་སི་མཱལ་༡༠ དེ་ ཁྲམ་སྤོ་ཆོགཔ་ད་ སྐལ་བགོ་བྱིན་ཆོགཔ་སྦེ་ བཞག་དགོཔ་ཁག་ཆེ་བས་ཟེར་བའི་ གྲོས་ཆོད་བཏོན་ནི་ལུ་ ཐག་བཅད་གེ་ཟེར་ བཤད་ཅི།
འཆར་གཞི་རྩམ་མི་ཚུ་གིས་ བརྩམས་ཏེ་རང་འགྱོ་ནི་ཨིན་རུང་ ཁེ་རྒུད་མ་བཏུབ་མི་དེ་ མི་སེར་ཚུ་ཨིནམ་ལས་ བཅའ་ཁྲིམས་དང་འཁྲིལ་ཏེ་ར་ སྤོ་ཆོགཔ་སྦེ་ བཞག་ནི་ལུ་ གྲོས་ཐག་བཅད་ཡི།
ཚོགས་འདུའི་འཐུས་མི་ཚུ་གིས་ གྲོས་འབུལ་སྦེ་མེན་པར་ གྲོས་ཐག་བཅད་དེ་ ལྷན་ཚོགས་ལུ་ བཙུགས་ནི་སྦེ་ ཐག་བཅད་གེ་ཟེར་སླབ་ད་ རྫོང་རབ་ཀྱིས་ ཐག་བཅད་མི་དེ་ལུ་ མ་བཏུབ་ཅིག་མེད་རུང་ ལྷན་ཚོགས་ཀྱིས་ ག་ཅི་ར་ གྲོས་བསྟུན་འབད་ཡོདཔ་ཨིན་ན་ ག་ར་ མི་དབང་ཆོག་ལུ་ སྙན་འབུལ་ཕུལ་དོ་ཡོདཔ་ལས་ གྲོས་འབུལ་སྦེ་ མ་བཙུགས་པ་ཅིན་ གནད་དོན་དེ་ ལོག་འོངམ་ད་ བྱ་སྟབས་མི་བདེ་ཟེར་བཤད་ཅི།
གནད་དོན་དེ་ལུ་ ལོག་སྟེ་ གྲོས་བསྟུན་འབད་བའི་ཤུལ་ལས་ རྫོང་ཁག་ཚོགས་འདུའི་ འཐུས་མི་ཚུ་གིས་ སྤྱིར་བཏང་གྲོས་འབུབ་སྦེ་བཙུགས་ནི་ལུ་ ཐག་བཅད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *