ས་གནས་གཞུང་སྐྱོང་གི་ བཅའ་ཁྲིམས་དང་ བཅའ་ཡིག་༢ གཅིག་མཚུངས་མེདཔ།

༉ ས་གནས་གཞུང་གི་ བཅའ་ཡིག་དང་སྒྲིག་གཞི་༢༠༡༢ ཅན་མའི་ དོན་ཚན་མང་ཤོས་ར་ ས་གནས་གཞུང་གི་བཅའ་ཁྲིམས་དང་ གཅིག་མཚུངསཔ་མེདཔ་ཨིན་པས།

དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཀྲོང་གསར་ལུ་ ས་གནས་གཞུང་སྐྱོང་དང་ཞིབ་འཚོལ་ལྟེ་བ་གིས་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གྲོས་བསྡུར་འབད་ནུག།

དཔེ་འབད་བ་ཅིན་ ས་གནས་གཞུང་སྐྱོང་བཅའ་ཁྲིམས་༢༠༠༢ ཅན་མའི་ དོན་ཚན་༡༨༩ ནང་ བརྟག་ཞིབ་དང་ ལྟ་རྟོག་ཚོགས་ཆུང་གི་ ཁྲི་འཛིན་དེ་ ཚོགས་ཆུང་གི་ འཐུས་མི་ཚུ་གི་གྲས་ལས་ བཙག་འཐུ་འབད་དགོཔ་ཨིན་པས།

ཨིན་རུང་ བཅའ་ཡིག་དང་སྒྲིག་གཞི་ནང་ ས་གནས་གཞུང་གི་ ཁྲི་འཛིན་(རྫོང་ཁག་གནས་ཚད་ཀྱི་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་དང་ རྒེད་འོག་ཚོགས་སྡེའི་ཁྲི་འཛིན) ཚུ་གིས་ ཚོགས་ཆུང་གི་ ཁྲི་འཛིན་ཚུ་ རང་བཞིན་གྱིས་ ཐོབ་དགོཔ་སྦེ་ གསལ་བཀོད་འབད་དེ་འདུག།

ད་རེས་ནངས་པར་ རྫོང་ཁག་མང་ཤོས་ཅིག་ནང་ རྫོང་བདག་ཚུ་གིས་ བཅའ་ཁྲིམས་དང་ བཅའ་ཡིག་ལས་འགལ་ཏེ་ ལྟ་རྟོག་དང་ བརྟག་ཞིབ་ཚོགས་ཆུང་གི་ ཁྲི་འཛིན་འབད་དེ་ཡོདཔ་ཨིན་པས།

ས་གནས་གཞུང་སྐྱོང་དང་ཞིབ་འཚོལ་ལྟེ་བའི་ བཀོད་ཁྱབ་མདོ་ཆེན་ མཐར་ཕྱིན་གྱིས་ སླབ་མིའི་ནང་ བཅའ་ཁྲིམས་དང་བཅའ་ཡིག་༢ ཀྱི་བར་ན་ གཅིག་མཚུངས་མེད་མི་ལུ་བརྟེན་ ས་གནས་གཞུང་དང་ རྫོང་ཁག་བདག་སྐྱོང་འགོ་དཔོན་ཚུ་གི་བར་ན་ སྟབས་མ་བདེཝ་ འབྱུང་འོང་ཟེར་ཨིན་པས།

དེ་བཟུམ་སྦེ་ ས་གནས་གཞུང་དང་ རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་ མགུ་འཐོམ་དགོཔ་ བྱུང་དོ་ཡོདཔ་ད་ ཁྲི་འཛིན་ཚུ་གིས་ བཅའ་ཁྲིམས་མེན་པར་ བཅའ་ཡིག་དང་འཁྲིལ་ཏེ་ ཐག་བཅད་ཡོདཔ་ལས་ དེ་གིས་ ས་གནས་གཞུང་གི་ འགོ་དཔོན་ཡར་སེང་འགྱོཝ་ད་ གོ་བརྡ་སྤྲོད་ནི་ལུ་ གདོང་ལེན་འབྱུང་འོང་ཟེར་ མཐར་ཕྱིན་གྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ བཅའ་ཁྲིམས་ཀྱི་སྐོར་ མ་ཤེས་མི་ ཞི་གཡོགཔ་ཚུ་གིས་ བཅའ་ཡིག་དང་འཁྲིལ་ཏེ་ འགྱོ་དོ་ཡོདཔ་ལས་ ནུས་མེད་དང་ དོན་སྟོང་འགྱོ་འོང་ཟེར་ཨིནམ་ད་ ལྟ་རྟོག་དང་ བརྟག་ཞིབ་ཚོགས་ཆུང་གིས་ གལ་སྲིད་ ཁག་འབགཔ་ཚུ་གིས་ ལམ་ལུགས་དང་མ་འཁྲིལ་བར་ ལཱ་འབད་བ་ཅིན་ དང་ལེན་འབད་འོང་ཟེར་ཨིན་པས།

དར་དཀར་གཙང་ཁ་སློབ་གྲྭ་ནང་ ཁང་ཚན་༢ འབད་མི་ སློབ་ཁང་གི་ རྩིག་གྱང་ཚུ་ སྤུས་ཚད་དང་ལྡནམ་སྦེ་ མ་རྐྱབ་མི་ལུ་བརྟེན་ སྤྱི་ཟླ་༡ པའི་ནང་ དར་དཀར་ནང་རྫོང་ཁག་ལྟ་རྟོག་ཚོགས་ཆུང་གིས་ ཁག་འབགཔ་༢ ལུ་ བརྡལ་བཤིག་བཏང་ཞིནམ་ལས་ ལོག་རྐྱབ་བཅུག་ཡོདཔ་ད་ ཚོགས་ཆུང་ནང་ ཁྲི་འཛིན་དེ་ རྫོང་བདག་ཨིན་པས།

ཨིན་རུང་ ལྟ་རྟོག་པ་ཚུ་གིས་ སླབ་མིའི་ནང་ མ་འོངས་པ་ལུ་ ས་གནས་གཞུང་གི་ གནས་ཚད་ནང་ མི་ཚུ་གི་བར་ན་ གོ་བ་བརྡ་སྤྲོད་ ལེགས་ཤོམ་ལྷོད་པའི་སྐབས་ ཚོགས་ཆུང་གིས་ ས་གནས་གཞུང་གི་ བཅའ་ཁྲིམས་དང་མ་འཁྲིལ་བར་ དང་ལེན་འབད་མི་ལུ་ གདོང་ལེན་འབྱུང་འོང་ཟེར་ཨིན་པས།

རྫོང་ཁག་ནང་ མཁོ་སྒྲུབ་བཅའ་ཡིག་དང་འཁྲིལ་ཏེ་ ལཱ་ཚུ་བྱིན་ནི་དང་ ལྟ་རྟོག་འབད་མི་ རིན་བསྡུར་ཚོགས་ཆུང་ཡོད་རུང་ ས་གནས་གཞུང་གི་བཅའ་ཁྲིམས་ནང་ ས་གནས་གཞུང་གིས་ གཞི་བཙུགས་འབད་དེ་མེན་པའི་ ཚོགས་ཆུང་ཚུ་ ངོས་ལེན་འབད་དེ་མེདཔ་ཨིན་པས།

ས་གནས་གཞུང་གི་བཅའ་ཁྲིམས་ཀྱི་ དོན་ཚན་༡༨༨ པ་དང་འཁྲིལཝ་ད་ ས་གནས་གཞུང་གིས་ ཚོགས་ཆུང་ཚུ་ དམིགས་བསལ་གྱི་ ལས་འགན་དོན་ལུ་ བཅའ་ཁྲིམས་དེའི་ དགོངས་དོན་ཚུ་དང་འཁྲིལ་ཏེ་ གཞི་བཙུགས་འབད་དགོཔ་སྦེ་ཡོདཔ་ཨིན་པས།

ཨིན་རུང་ ས་གནས་གཞུང་གི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ རྫོང་ཁག་རིན་བསྡུར་ཚོགས་ཆུང་དེ་ རྫོང་བདག་གི་ ཁྲི་འཛིན་ཐོག་ལུ་ རྫོང་ཁག་བདག་སྐྱོང་གིས་ བཟོ་དོ་ཟེར་ཨིནམ་ད་ རྫོང་ཁག་རིན་བསྡུར་ཚོགས་ཆུང་ནང་ འཆར་དངུལ་ཚུ་ རྒེད་འོག་གི་དོན་ལུ་མེད་པ་ཅིན་ ས་གནས་གཞུང་གི་ འགོ་དཔོན་ཚུ་ འབྲེལ་གཏོགས་འབད་ནི་མེད་ཟེར་ཨིན་པས།

རྫོང་བདག་ཚུ་གི་བསམ་བཤད།

རྫོང་བདག་ཚུ་གིས་འབད་བ་ཅིན་ བཅའ་ཡིག་དང་སྒྲིག་གཞི་ཚུ་ གཞུང་གིས་བཟོ་དོ་ཡོདཔ་ལས་ ཁོང་ལུ་ འཕྲི་སྣོན་འབད་ནི་ལུ་ དབང་ཚད་མེད་རུང་ ལཱ་ཚུ་ ས་གནས་གཞུང་གི་ བཅའ་ཁྲིམས་དང་ བཅའ་ཡིག་དང་འཁྲིལ་ཏེ་ འབད་ནི་ཡོད་ཟེར་ཨིན་པས།

གསར་སྤང་རྫོང་བདག་ བློ་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ བཙག་འཐུ་མཇུག་བསྡུ་བའི་ཤུལ་ལས་ ས་གནས་གཞུང་གི་ འགོ་དཔོན་ཚུ་ལུ་ བཅའ་ཁྲིམས་དང་བཅའ་ཡིག་གི་སྐོར་ལས་ གོ་བརྡ་སྤྲོད་ནི་ཡོདཔ་བཞིན་དུ་ ས་གནས་གཞུང་གིས་ རང་སོའི་འགན་ཁུར་དང་ འགན་འཁྲི་སྐོར་ལས་ ཤེས་རྟོགས་ལེགས་ཤོམ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒེད་འོག་གི་གནས་ཚད་ནང་ ལྟ་རྟོག་ཚོགས་ཆུང་དེ་ ཐབས་རིག་གི་ རིག་རྩལ་ཡོད་མི་ ཞི་གཡོགཔ་ཚུ་གིས་ རྒྱབ་སྐྱོར་འབད་དོ་ཡོདཔ་ད་ རྫོང་ཁག་གནས་ཚད་ནང་འབད་བ་ཅིན་ ཚོགས་ཆུང་ནང་ ས་གནས་གཞུང་གི་ འགོ་དཔོན་ཚུ་ འབྲེལ་གཏོགས་འབད་དོ་ཡོདཔ་ལས་ རང་རྐྱང་སྦེ་ ཐག་བཅད་ནི་མེད་ཟེར་ཨིན་པས།

ལྷུན་རྩེ་རྫོང་བདག་ འཇམ་དཔལ་དབང་ཕྱུག་གིས་ སླབ་མིའི་ནང་ རྫོང་ཁག་ནང་ ལྟ་རྟོག་དང་ དབྱེ་ཞིབ་ཚོགས་ཆུང་མེད་རུང་ ལྟ་རྟོག་དང་ལཱ་ཚུ་ རྫོང་ཁག་རིན་བསྡུར་ཚོགས་ཆུང་གིས་ འབད་དོ་ཡོདཔ་བཞིན་དུ་ ལཱ་འབད་བའི་སྐབས་ བཅའ་ཁྲིམས་དང་ བཅའ་ཡིག་ཚུ་ བལྟ་དོ་ཟེར་ཨིན་པས།

ལཱ་ལྟ་རྟོག་དང་ དབྱེ་ཞིབ་འབད་བའི་སྐབས་ ས་གནས་གཞུང་གི་ བཅའ་ཡིག་གིས་མ་དོ་བར་ མཁོ་སྒྲུབ་བཅའ་ཡིག་ཚུ་ཡང་ བལྟ་དོ་ཟེར་ ཁོ་གིས་ བཤདཔ་ཨིན་པས།

རྫོང་བདག་གཞན་ཅིག་གིས་ སླབ་མིའི་ནང་ བཅའ་ཁྲིམས་དང་ བཅའ་ཡིག་༢ གཅིག་མཚུངས་མེདཔ་ལས་ གཞུང་གིས་ ལེགས་བསྒྱུར་འབད་དགོཔ་འདུག་ཟེར་ཨིནམ་ད་ གོང་འཕེལ་གྱི་ ལས་སྣ་ཚུ་ འཐུས་ཤོར་མེད་པར་ ལྟ་རྟོག་འབད་རུང་ བཅའ་ཡིག་དེ་ དམ་དམ་སྦེ་ ལག་ལེན་མི་འཐབ་པས་ཟེར་ བཤདཔ་ཨིན་པས།

དབང་འདུས་ཕོ་བྲང་ ཀ་བཞི་རྒཔོ་ དབང་འདུས་ཀྱིས་ སླབ་མིའི་ནང་ གོང་འཕེལ་ལས་སྣ་དང་འབྲེལ་བའི་ རིན་བསྡུར་གྱི་ལཱ་ཚུ་ རྒེད་འོག་གི་ གནས་ཚད་ནང་རྒཔོ་དང་ རྫོང་ཁག་ནང་ རྫོང་བདག་གི་ ཁྲི་འཛིན་ཐོག་ལས་ ལྟ་རྟོག་དང་ དབྱེ་ཞིབ་འབདཝ་མ་ཚད་ རྫོང་ཁག་གི་ གནས་ཚད་ནང་ རྒཔོ་དེ་ འཐུས་མི་སྦེ་ བཅའ་མར་གཏོགས་དོ་ཟེར་ཨིན་པས།

རྩི་རང་མཚོ་གླིང་མཁར་རྒཔོ་ པ་སངས་ཐིང་ཏ་མང་གིས་ སླབ་མིའི་ནང་ འཆར་དངུལ་དངུལ་ཀྲམ་ས་ཡ་༥ ལྷག་པའི་ ལས་འགུལ་ཚུ་ རྫོང་ཁག་རིན་བསྡུར་ཚོགས་ཆུང་གིས་ ལཱ་བྱིན་དོ་ཡོད་རུང་ ལཱ་དེ་ རྒེད་འོག་གིས་ འབད་དོ་ཟེར་ཨིན་པས།

མ་གཞི་ རྒེད་འོག་གནས་ཚད་ཚོགས་ཆུང་གིས་ ལྟ་རྟོག་གི་ ལཱ་འབད་དོ་ཡོད་རུང་ རྫོང་ཁག་གནས་ཚད་ཀྱི་ལཱ་ཚུ་ རྫོང་བདག་གི་ ཁྲི་འཛིན་ཐོག་ལས་ རྫོང་ཁག་རིན་བསྡུར་ཚོགས་ཆུང་གིས་ འབད་དོ་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་ལས་ རྒཔོ་ཅིག་གིས་ སླབ་མིའི་ནང་ བཅའ་ཁྲིམས་དང་ བཅའ་ཡིག་གི་ དོན་ཚན་ཚུ་ མཐུན་ཏོག་ཏོ་དང་ ལག་ལེན་དངོས་བསྟར་སྐབས་ སྟབས་མ་བདེཝ་ བྱུང་མི་ལུ་བརྟེན་ ལག་ལེན་མ་འཐབ་པར་ ལུསཔ་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཚོགས་ཆུང་ནང་ ཐབས་རིག་མཁས་མཆོག་གི་འཐུས་མི་ དགོཔ་ཡོདཔ་ད་ མཐུན་རྐྱེན་ལངམ་སྦེ་མེདཔ་ལས་ བཅའ་ཁྲིམས་དང་ བཅའ་ཡིག་ནང་ཡོད་མི་ག་ར་ ལག་ལེན་འཐབ་མི་ཚུགས་པས་ཟེར་ཨིན་པས།

ལྟ་རྟོག་དང་ དབྱེ་ཞིབ་ཚོགས་ཆུང་ནང་ ཁ་སྐོང་འཐུས་མི་དགོཔ་ བྱུང་མི་དེ་ཡང་ ཁྲི་འཛིན་གྱིས་ ཚོགས་ཆུ་ནང་ དགོས་མཁོ་དང་འཁྲིལ་ཏེ་ ཚོགས་ཆུང་གིས་ གྲོས་འདེབས་ཕུལ་མི་ལུ་ གཞི་བཞག་སྟེ་ བསྐོ་བཞག་འབད་ནི་ཨིན་པས།

རྫོང་བདག་གིས་ ཚོགས་ཆུང་ནང་ ལས་སྡེའི་འགོ་འཛིན་དང་ འབྲེལ་ཡོད་ལས་སྡེའི་ འགོ་དཔོན་ཚུ་ མགྲོན་བརྡ་འབད་ཆོག་ཟེར་ བཅའ་ཡིག་ནང་ གསལ་བཀོད་འབད་ནུག།

དེ་བཟུམ་སྦེ་ བཅའ་ཁྲིམས་དང་ བཅའ་ཡིག་༢ གཙིག་མཚུངས་མེད་མི་༡ བཅའ་ཁྲིམས་ནང་ ཚོགས་ཆུང་དེ་གིས་ ཚོགས་ཆུང་གི་ ཁྲི་འཛིན་འོག་ལུ་ ས་གནས་གཞུང་གི་ ཁྲི་འཛིན་གྱི་ བཀོད་ཁྱབ་ཐོག་ལུ་འབད་དགོ་ཟེར་ཨིན་པས།

ཨིན་རུང་ བཅའ་ཡིག་དང་འཁྲིལཝ་ད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལས་ ལྟ་རྟོག་འབད་ནི་དང་ དབྱེ་ཞིབ་ཀྱི་ལམ་ལུགས་ དེ་ལས་བྱ་སྒོའི་རིམ་པ་ཚུ་ བཟོ་ཡོད་མི་དང་འཁྲིལ་ རྫོང་ཁག་ཚོགས་འདུ་དང་ རྒེད་འོག་ཚོགས་སྡེ་གིས་ གོང་འཕེལ་གྱི་སྲིད་བྱུས་ འཆར་གཞི་དང་ལས་འགུལ་ཚུ་གི་ ལྟ་རྟོག་འབད་ནི་དང་ དབྱེ་ཞིབ་འགོ་འདྲེན་འཐབ་དགོཔ་སྦེ་ཨིན་པས།

དེ་འབདཝ་ལས་ ས་གནས་གཞུང་སྐྱོང་དང་ཞིབ་འཚོལ་ལྟེ་བ་གིས་ རྫོང་ཁག་བདག་སྐྱོང་གི་ ལྟ་རྟོག་དང་དབྱེ་ཞིབ་དང་ རྫོང་ཁག་ཚོགས་འདུའི་བར་ན་ སྟབས་མ་བདེཝ་འབྱུང་ནི་མས་ཟེར་བཀོད་ནུག།

བཅའ་ཁྲིམས་དང་འཁྲིལཝ་ད་ ས་གནས་གཞུང་གི་ ཁྲི་འཛིན་ཚུ་གིས་ ས་གནས་གཞུང་ནང་ ལོ་བསྟར་གོང་འཕེལ་གྱི་ འཆར་གཞི་ལས་སྣའི་ ལག་ལེན་གྱི་ དུས་མཐུན་སྙན་ཞུ་འབད་དགོཔ་ཨིན་རུང་ བཅའ་ཡིག་ནང་ རྫོང་བདག་ཚུ་གིས་ ལྟ་རྟོག་དང་དབྱེ་ཞིབ་ཚོགས་ཆུང་གི་ཧེ་མ་ ལཱ་གི་གྲུབ་འབྲས་སྙན་ཞུ་ འབད་དགོཔ་སྦེ་ཨིན་པས།

ས་གནས་གཞུང་སྐྱོང་དང་ཞིབ་འཚོལ་ལྟེ་བ་གིས་ བཅའ་ཁྲིམས་ནང་ དྲུང་པ་གི་སྐོར་ལས་ ག་ནི་ཡང་ བཀོད་དེ་མེདཔ་ལས་ དྲུང་ཁག་ཚོགས་ཆུང་གི་ འགན་ཚད་བཟོ་ནི་ལུ་ ཁྲིམས་མཐུན་གྱི་ གཞི་བཞག་ས་ཅིག་མེདཔ་ཨིན་པས།

བཅའ་ཡིག་དང་འཁྲིལ་བ་ཅིན་ དྲུང་པ་ཚུ་གིས་ རྫོང་བདག་གི་ འགན་འཁྲི་འབག་དགོ་པའི་ཁར་ ཁོང་རའི་ ཁྱབ་དབང་ནང་འཁོད་ཀྱི་ རྒེད་འོག་གི་ གོང་འཕེལ་ལས་སྣ་དང་ ལས་འགུལ་ཚུ་ ལག་ལེན་འབད་དགོཔ་སྦེ་ འཁོད་དེ་ཡོདཔ་ཨིན་པས།

ས་གནས་གཞུང་སྐྱོང་ལས་ཁུངས་ཀྱི་མདོ་ཆེན་ དཀར་མདོག་བཟང་པོ་གིས་ སླབ་མིའི་ནང་ བཅའ་ཁྲིམས་དེ་ འཕྲི་སྣོན་འབད་ནིའི་དོན་ལུ་ གྲོས་འདེབས་ཕུལ་ཏེ་ཡོདཔ་ལས་ བཅའ་ཡིག་བསྒྱུར་བཅོས་འབད་ནི་ལུ་ འོས་འབབ་ཅིག་ མ་མཐོང་ཟེར་ཨིནམ་ད་ ལས་ཁུངས་ཀྱིས་ བཅའ་ཡིག་དང་ བཅའ་ཁྲིམས་ཀྱི་བར་ན་ གཅིག་མཚུངས་མེད་མི་ལུ་ ཤེས་རྟོགས་ཡོདཔ་ཨིན་པས།

ཨིན་རུང་ མཐར་ཕྱིན་གྱིས་ སླབ་མིའི་ནང་ ས་གནས་གཞུང་གི་བཅའ་ཁྲིམས་ འཕྲི་སྣོན་འབད་ནིའི་དོན་ལུ་ ལོ་༡ དང་ཕྱེད་དེ་ཅིག་ འགོར་ནི་ཨིནམ་ལས་ ས་གནས་གཞུང་གི་ བཅའ་ཡིག་གསརཔ་དེ་ གྲ་སྒྲིག་བཟོ་དགོ་ཟེར་ཨིནམ་བཞིན་དུ་ མགུ་འཐོམ་ཡོད་མི་ཚུ་ མགྱོགས་དྲགས་སྦེ་ སེལ་དགོཔ་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ གནད་དོན་དེ་ ལོ་བསྟར་རྒཔོ་གྲོས་འཛོམས་ནང་ སེལ་ཐབས་འབད་དགོཔ་ཨིན་རུང་ འདས་པའི་ལོ་དག་པ་ཅིག་ ཞལ་འཛོམས་མ་འཚོགསཔ་ལས་ གནད་དོན་གསལ་ཞུ་འབད་ནིའི་ གོ་སྐབས་མ་ཐོབ་པས་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *