ས་གནས་གཞུང་ནང་ རྫོང་བདག་གི་ འགན་ཁུར་ག་ཅི་ཨིན་ན?

༉ ས་གནས་གཞུང་ལུ་ དབང་ཚད་ཕྱིར་སྤེལ་འབད་མི་ལུ་བརྟེན་ རྫོང་བདག་གམ་ རྫོང་ཁག་བཀོད་ཁྱབ་གཙོ་འཛིན་གྱི་ འགན་ཁུར་དེ་ བསྐྱར་འགྲེལ་ཐོག་ གསལ་རིལ་རི་སྦེ་བཟོ་དགོ་པའི་ དགོས་མཁོ་བྱུང་སྟེ་ཡོདཔ་ཨིན་པས།
རྫོང་བདག་གི་ འགན་འཁྲི་དང་ དབང་ཚད་ཕྱིར་སྤེལ་བྱ་སྒོའི་ རིམ་པ་ཚུ་ དབྱེ་དཔྱད་འབད་ནིའི་དོན་ལུ་ བློན་ཆེན་ཌོག་ཊར་ བློན་གྲོས་ཚེ་རིང་གིས་ འཕྲལ་ཁམས་ཅིག་ཁར་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་ མཇལ་ཕྲད་གནང་ཡོདཔ་ད་ ད་རེས་ རྒེད་འོག་ཚུ་གིས་ ལཱ་དང་འཆར་གཞི་ཚུ་ རང་དབང་ཐོག་ལས་ འཛིན་སྐྱོང་འབད་དོ་ཡོདཔ་ཨིན་པས།
ཞལ་འཛོམས་འཚོགས་པའི་ཤུལ་ལས་ བློན་ཆེན་ཡིག་ཚང་གིས་ མི་སྡེ་བརྡ་བརྒྱུད་ནང་ དངུལ་འབྲེལ་འཛིན་སྐྱོང་དང་ གལ་ཆེ་བའི་ ལཱ་འགན་བརྒྱུད་དེ་ ས་གནས་གཞུང་ལུ་ དབང་ཚད་འཕྲོ་མཐུད་ ཕྱིར་སྤེལ་འབད་དོ་ཡོདཔ་ལས་ དམིགས་བསལ་དུ་ རྫོང་ཁག་ནང་ རྫོང་བདག་གི་ འགན་ཁུར་དེ་ ག་ཅི་ཨིན་ན་ཟེར་བཀོད་ནུག།
གཞུང་གིས་ འཆར་དངུལ་བརྒྱ་ཆ་༥༠ ས་གནས་གཞུང་ལུ་ བགོ་བཀྲམ་འབད་མི་དེ་ རང་དབང་བྱིན་པའི་ རྟགས་མཚན་ཅིག་ཨིནམ་ད་ འཆར་དངུལ་ལུ་བརྟེན་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ བཙག་འཐུའི་སྐབས་ ཁས་བླངས་འབད་ཡོད་མི་ཚུ་ འགྲུབ་ཐབས་འབད་ནི་ལུ་ཡང་ ལྷན་ཐབས་འབྱུང་ཚུགས་ཟེར་ བློན་ཆེན་གྱིས་བཀོད་ནུག།
ས་གནས་གཞུང་སྐྱོང་ལས་ཁུངས་ཀྱི་མདོ་ཆེན་ དཀར་མདོག་འབྲུག་པ་གིས་ སླབ་མིའི་ནང་ ས་གནས་གཞུང་གི་བཅའ་ཁྲིམས་ འཕྲི་སྣོན་འབད་ནིའི་དོན་ལུ་ ད་ལྟོ་ བསྐྱར་ཞིབ་འབད་བའི་བསྒང་ཡོད་པའི་ཁར་ དབང་ཚད་ཕྱིར་སྤེལ་བྱ་རིམ་དང་ གནས་སྟངས་སྐོར་ལས་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
རྩ་ཁྲིམས་ཆེན་མོ་དང་ ས་གནས་གཞུང་གི་ བཅའ་ཁྲིམས་ནང་ རྫོང་བདག་གི་ འགན་ཁུར་དེ་ བཀོད་ཁྱབ་གཙོ་འཛིན་སྦེ་ བཀོད་དེ་ཡོད་རུང་ རྫོང་བདག་ཚུ་གིས་ འཆར་གཞི་བཟོ་ནི་དང་ ས་གནས་གཞུང་གི་ གནས་ཚད་ནང་ གོ་འཕེལ་གྱི་ སྲིད་བྱུས་བཟོ་དོ་ཡོདཔ་ཨིན་པས།
ས་གནས་གཞུང་གི་ བཅའ་ཁྲིམས་ཀྱི་ དོན་ཚན་༢༥༢ པ་དང་འཁྲིལཝ་ད་ རྫོང་ཁག་ཚོགས་འདུ་གིས་ ཐག་བཅད་མི་ གྲོས་ཆོད་ཚུ་ ལག་ལེན་འཐབ་ནི་དང་ རྫོང་ཁག་ཚོགས་འདུ་ལུ་ ལན་འདེབས་ཀྱི་ འཁྲི་འགན་ཚུ་ རྫོང་བདག་གིས་འབད་དགོཔ་ཨིན་པས།
ཨིན་རུང་ འཆར་གཞི་དང་ འཆར་གཞི་བརྩམ་ནི་ལུ་ ས་གནས་གཞུང་ལུ་ དབང་ཚད་ཡོདཔ་ལས་ རྫོང་ཁག་བཀོད་ཁྱབ་གཙོ་འཛིན་དེ་ དགོས་མཁོ་མེདཔ་སྦེ་ དྲི་བཀོད་འབདཝ་ཨིན་པས།
རྫོང་བདག་ཚུ་ཡང་ དམངས་གཙོའི་རིང་ལུགས་ འགོ་མ་བཙུགས་པའི་ཧེ་མར་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཅིག་ཨིན་རུང་ ད་རེས་ རྒེད་འོག་ཚོགས་སྡེ་དང་ རྫོང་ཁག་ཚོགས་འདུའི་ འཐུས་མི་གྲངས་སུ་མེནམ་ལས་ རྫོང་བདག་གི་ འགན་འཁྲི་ཚུ་ དྭངས་གསལ་བཟོ་མི་གིས་ བཙག་འཐུ་ལས་གྲུབ་པའི་ ས་གནས་གཞུང་གི་ འགོ་དཔོན་དང་ རྫོང་བདག་གི་བར་ན་ སྟབས་མ་བདེཝ་ བྱུང་མི་ཚུ་ སེལ་ཐབས་འབད་ནི་ཨིན་པས།
འཕྲལ་ཁམས་ཅིག་ཁར་ གཞུང་དང་ རྫོང་བདག་ཚུ་གི་བར་ན་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གུ་ མཚན་རྟགས་བཀོད་པའི་སྐབས་ འཆར་གཞིའི་ལས་སྣ་ མང་ཤོས་ཅིག་ རྒཔོ་ཚུ་གིས་ རང་དབང་ཐོག་ལས་ འཛིན་སྐྱོང་འཐབ་དོ་ཡོདཔ་ལས་ གནད་དོན་དེ་ལུ་ དྲི་བཀོད་འབད་དགོཔ་བྱུང་ནུག།
ས་གནས་གཞུང་དང་ ཁྲོམ་སྡེ་ དེ་ལས་ རྒེད་འོག་ཁྲོམ་སྡེ་བརྩིས་ཏེ་ རྫོང་བདག་གི་ འགན་འཁྲིའི་ནང་འཁོད་ལུ་ ཚད་ལྡན་སྦེ་ གོང་འཕེལ་ལས་སྣ་ཚུ་ གཙོ་རིམ་བཟུང་དགོཔ་ཨིན་པས།
ས་གནས་གཞུང་དང་ ཞིབ་འཚོལ་ལྟེ་བའི་ བཀོད་ཁྱབ་གཙོ་འཛིན་ མཐར་ཕྱིན་གྱིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་གི་ འགོ་འཛིན་དེ་ རྫོང་བདག་ཨིནམ་ལས་ ས་གནས་གཞུང་གིས་ གཞན་དང་མ་འདྲཝ་སྦེ་ བལྟ་དགོ་པའི་ཁར་ རྫོང་བདག་ཚུ་ཡང་ རྫོང་ཁག་ཚོགས་འདུའི་ འགན་འཁྲི་འབག་དགོཔ་ཨིན་རུང་ ཚོགས་འདུའི་དབུ་ཁྲིད་དེ་ ཁྲི་འཛིན་ཨིན་པས།
ས་གནས་གཞུང་ནང་ སྟབས་མ་བདེཝ་ཚུ་གི་ཐད་ལུ་ མཐར་ཕྱིན་གྱིས་ སླབ་མིའི་ནང་ རྫོང་བདག་ཚུ་ རྒྱལ་ཡོངས་ཚོགས་འདུའི་ འགན་འཁྲི་འབག་དགོཔ་ཨིན་རུང་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་གིས་ རྒེད་འོག་ཚོགས་སྡེ་ནང་ འགན་འཁྲི་འབག་ནི་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་གནས་གཞུང་གི་ གནས་ཚད་ནང་ འཐུས་ཤོར་བྱུང་པ་ཅིན་ འགན་འཁྲི་བཀལ་ནི་ལུ་ དྭངས་གསལ་ཅིག་མིན་འདུག་ཟེར་ཨིནམ་ད་ རྒཔོ་ཅིག་གིས་ སླབ་མིའི་ནང་ གནས་གཞུང་ནང་ གོང་འཕེལ་གྱི་ ལས་སྣ་འབད་ནི་ལུ་ འགན་འཁྲི་བསྒྱུར་བཅོས་སོང་ཡོད་རུང་ རྫོང་ཁག་བཀོད་ཁྱབ་གཙོ་འཛིན་དེ་ དགོས་མཁོ་ཅན་ཅིག་ཨིན་ཟེར་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་དང་ ལས་སྡེའི་འགོ་འཛིན་ཚུ་བརྩིས་ཏེ་ ཞི་གཡོགཔ་ག་ར་ རྫོང་བདག་ཚུ་གིས་ དམ་འཛིན་འབད་དོ་ཡོདཔ་བཞིན་དུ་ རྫོང་བདག་ཚུ་གིས་ འཆར་དངུལ་ས་ཡ་༤༠ ཡན་ཆད་འབད་མི་ ལས་འགུལ་ཚུ་ ལག་ལེན་འཐབ་དོ་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
གཞུང་ལྟེ་བ་ལས་ ལས་འགུལ་གྱི་ འཆར་དངུལ་འཛིན་གྲོལ་འབད་མི་ཚུ་ཡང་ ཐད་ཀར་དུ་ རྫོང་བདག་གི་འོག་ལུ་ཨིནམ་ད་ འཆར་དངུལ་བགོ་སྤྲོད་འབད་ཡོད་མི་ ནང་འཁོད་རྫོང་ཁག་གི་ ལོ་བསྟར་འཆར་གཞི་དང་ ལས་རིམ་ཚུ་སྤྱིར་བཏང་ལག་ལེན་གྱི་ འགན་ཁུར་ཚུ་ རྫོང་བདག་གིས་ འབག་དགོཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་-སྒོམ་དར་གྱི་འཐུས་མི་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་བདག་དེ་ རྫོང་ཁག་བདག་སྐྱོང་གི་ འགོ་འཛིན་དང་ ཁྲི་འཛིན་དེ་ རྫོང་ཁག་ཚོགས་འདུའི་ དབུ་ཁྲིད་ཨིནམ་ད་ གོང་འཕེལ་གྱི་ ལས་སྣ་ཚུ་ རྒཔོ་ཚུ་གིས་ བཟོ་དོ་ཡོད་པའི་ཁར་ འཆར་དངུལ་དེ་ གཞུང་ལྟེ་བ་གིས་ བགོ་བཀྲམ་འབདཝ་བཞིན་དུ་ མ་འོངས་པ་ལུ་ ས་གནས་གཞུང་སྒྲིང་སྒྲི་ འགྱོ་བའི་སྐབས་ རྫོང་བདག་ཚུ་གིས་ ས་གནས་གཞུང་ལུ་ ལྷན་ཐབས་དང་ གྲོས་བསྟུན་པ་སྦེ་ འབད་དགོ་ཟེར་ བཤདཔ་ཨིན་པས།
འཐུས་མི་ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ རྫོང་བདག་དེ་ ཞི་གཡོགཔ་ཅིག་འབདཝ་ལས་ བཙག་འཐུ་ལས་གྲུབ་པའི་ ས་གནས་གཞུང་གི་ འགོ་ཁྲིདཔ་དང་ འགན་ཁུར་ཚུ་ཡང་ འབག་མི་བཏུབ་ཟེར་ཨིན་པས།
ལུང་ཕྱོགས་ཀྱི་ འགོ་འཛིན་ཚུ་ རྫོང་བདག་གི་ འོག་ལུ་ཚུད་མི་ཚུད་སྐོར་ལས་ དྲི་བཀོད་འབད་ཡོདཔ་ད་ རྫོང་བདག་ཚུ་གིས་ ལུང་ཕྱོགས་འགོ་དཔོན་ཚུ་ འབོ་བཀུག་ཐོག་ རྫོང་ཁག་ཚོགས་འདུ་ནང་ གསལ་བཤད་འབད་བཅུག་མི་གིས་ འགོ་དཔོན་ཚུ་དང་ སྟབས་མ་བདེཝ་ བྱུངམ་མས་ཟེར་ཨིན་པས།
མཐར་ཕྱིན་གྱིས་འབད་བ་ཅིན་ རྫོང་ཁག་ཁྲོམ་སྡེ་༡༦ གི་ འཐུས་མི་ཚུ་གི་ འགན་འཁྲི་ཚུ་ཡང་ དྭངས་གསལ་སྦེ་ བཀོད་དེ་མིན་འདུག་ཟེར་ཨིནམ་ད་ ཁྲོམ་སྡེའི་གོ་གནས་དེ་ཡང་ རྒེད་འོག་གི་ དམངས་མི་དང་འདྲན་འདྲ་ཨིན་པས།
བཅའ་ཁྲིམས་དང་འཁྲིལཝ་ད་ རྫོང་བདག་གིས་ ས་གནས་གཞུང་སྐྱོང་ ལམ་ལུགས་ཀྱི་ གཞི་རྩ་དང་བསྟུན་ ས་གནས་གཞུང་གི་ ཁྲི་འཛིན་ཚུ་ལུ་ བཅའ་ཁྲིམས་དང་འཁྲིལ་ ལཱ་འགན་འབག་ནི་ལུ་ ཆ་རོགས་འབད་དགོཔ་ཨིན་པས།
དེ་མ་ཚད་ རྫོང་བདག་གིས་ ས་གནས་གཞུང་གི་ ཞུ་བ་ལྟར་དུ་ ས་གནས་གཞུང་ལུ་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཐབས་རིག་དང་ ཡང་ཅིན་ གཞན་རོགས་རམ་གྱི་དོན་ལུ་ བཀོད་རྒྱ་གནང་ནི་དང་ དེ་བཟུམ་མའི་ རོགས་རམ་འདི་ ས་གནས་གཞུང་ལུ་ ཟད་འགྲོ་ཐེབས་མ་བཀལ་བར་ བྱིན་དགོ་ཟེར་ཨིན་པས།
བློན་ཆེན་ཡིག་ཚང་གིས་ བཀོད་མིའི་ནང་ གཞུང་གིས་ ས་གནས་གཞུང་གི་ བཅའ་ཁྲིམས་དང་ དབང་ཚད་ཕྱིར་སྤེལ་དང་ ད་ལྟོ་ བདེ་སྒྲིག་དང་ གཞི་རྟེན་ལེགས་ཤོམ་བཟོ་མི་གིས་ རྒྱལ་ཁབ་ནང་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *