ས་གནས་གཞུང་དང་ གཞུང་ལྟེ་བའི་དབང་ཚད་དང་ འགན་ཁུར་དྭངས་གསལ་དགོ་ནི།

༉ འཕྲལ་ཁམས་ཅིག་ཁར་ གཞལམ་སྒང་རྫོང་ཁག་ཚོགས་འདུ་གིས་ དུས་ཅི་ སྤྱི་ཟླ་༡༢ པའི་ཚེས་༡༧ ལས་ རྫོང་ཁག་ནང་ མི་ག་ར་གིས་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ ཁྲོམ་དང་གྲོང་གཡུས་ཚུ་ནང་ རང་ལུགས་ཀྱི་གྱོན་ཆས་ གོ་དང་དཀྱི་ར་ ངེས་པར་དུ་ གྱོན་དགོཔ་སྦེ་ གྲོས་ཐག་བཅད་ཞིནམ་ལས་ཚུར་ མི་སྡེའི་བརྡ་བརྒྱུད་ནང་ ས་གནས་གཞུང་གི་ དབང་ཚད་དང་ འགན་ཁུར་ཚུ་གི་སྐོར་ བསམ་འཆར་སྣ་ཚོགས་བཀོད་ནུག།

འདི་བཟུམ་མའི་ བསམ་འཆར་བཀོད་མི་དེ་ མི་མང་གིས་ གྲོས་བསྡུར་འབད་ནི་གི་ གོ་སྐབས་ལེགས་ཤོམ་ཅིག་ཨིན་མི་དེ་ཡང་ ས་གནས་གཞུང་དང་ དབུས་གཞུང་ལྟེ་བའི་ འགན་ཁུར་དང་ དབང་ཚད་ཚུ་གི་སྐོར་ གྲོས་བསྡུར་འབདཝ་ད་ དྭངས་གསལ་སྦེ་ ཤེས་ཚུགས་ནི་ཨིན་མས།

གཞལམ་སྒང་རྫོང་ཁག་ཚོགས་འདུ་གིས་ གྱོན་ཆས་ཀྱི་སྐོར་ལས་ གྲོས་ཐག་བཅད་མི་དེ་ རྒྱལ་ཡོངས་ཀྱི་ ངོ་རྟགས་དང་ ལམ་སྲོལ་ གོམས་གཤིས་ཚུ་ ཉེན་སྐྱོབ་དང་ ཉམས་སྲུང་འབད་ཐབས་ལུ་ཨིནམ་ལས་ དམིགས་ཡུལ་ལེགས་ཤོམ་ཅིག་ཨིན་མི་དེ་ཡང་ རྩ་ཁྲིམས་ཆེན་མོ་དང་ ས་གནས་གཞུང་གི་ བཅའ་ཁྲིམས་ཀྱིས་ ས་གནས་གཞུང་ལུ་ དབང་ཚད་གནང་མི་དང་འཁྲིལ་ བསྟར་སྤྱོད་འབད་ནི་དེ་གིས་ཨིན།

རྫོང་ཁག་ཚོགས་འདུ་གིས་ཡང་ འདི་བཟུམ་ཐག་བཅདཔ་ད་ མི་སེར་དང་ གྲོས་བསྟུན་མེད་པར་ ས་གནས་གཞུང་གི་ འགོ་ཁྲིདཔ་རེ་གཉིས་ཀྱིས་ གྲོས་གཞི་བཙུགས་ཐོག་ལས་ ཐག་མ་བཅདཔ་འོང་ཟེར་མནོཝ་མས། བློན་ཆེན་གྱིས་ གསུངས་དོ་བཟུམ་ རྒྱལ་ཡོངས་གྱོན་ཆས་འབད་རུང་ རྒྱལ་ཡོངས་སྐད་ཡིག་ ཡང་ཅིན་ མཐའ་འཁོར་ཉམས་སྲུང་ཨིན་རུང་ རྒྱལ་ཡོངས་ཀྱི་མཐའ་དོན་ཨིནམ་ལས་ མི་སེར་ཚུ་གིས་ར་ ལམ་ལུགས་དང་ སྒྲིག་གཞི་ལག་ལེན་འཐབ་དགོཔ་སྦེ་སླབ་སྟེ་ རྒེད་འོག་ཚོགས་སྡེ་བརྒྱུད་དེ་ རྫོང་ཁག་ཚོགས་འདུ་ནང་ གྲོས་བསྡུར་ཞིབ་པར་ གནང་ཐོག་ལས་ ཐག་བཅད་ཡོད་པ་ཅིན་ རྒྱབ་སྐྱོར་འབད་དགོ།

འདི་འབདཝ་ད་ འདས་པའི་ཉམས་མྱོང་༢ དེ་ཅིག་ལུ་ གཞི་བཞག་པ་ཅིན་ ཧཱ་དང་ བསམ་རྩེ་རྫོང་ཁག་༢ ནང་ ས་གཏེར་ཕྱིར་བཏོན་འབད་ནི་ཚུ་ མི་སེར་གྱི་ ཞུ་བ་དང་འཁྲིལ་ རྫོང་ཁག་ཚོགས་འདུ་གིས་ བཀག་འཛིན་འབད་ཡོད་རུང་ ཤུལ་ལས་ ད་ལྟོའི་གཞུང་གིས་ རང་བཞིན་ཐོན་ཁུངས་ཚུ་ རྒྱལ་ཁམས་ཀྱི་ རྒྱུ་དངོས་ཨིན་ཟེར་སླབ་སྟེ་ ས་གནས་གཞུང་གི་ གྲོས་ཆོད་ལུ་ ཆ་གནས་མ་འབད་མི་ལུ་ བལྟ་བ་ཅིན་ དབང་ཆ་ཕྱིར་སྤེལ་གྱི་ སྲིད་བྱུས་དང་ རྒྱབ་འགལ་ཨིནམ་མ་ཚད་ དབང་ཚད་དེ་ གཞུང་ལྟེ་བ་གིས་ར་ བདག་བཟུང་འབད་དོ་བཟུམ་མའི་ གསལ་སྟོན་འབདཝ་མས།

རྫོང་ཁག་དེ་གཉིས་ཀྱིས་ ས་གཏེར་ཕྱིར་བཏོན་འབད་ནི་ཚུ་ བཀག་ཆ་འབད་མི་དེ་ཡང་ མཐའ་འཁོར་ལུ་ གཞིས་ཆགས་མི་དང་ རང་བཞིན་གནས་སྟངས་ཚུ་ལུ་ གནོད་ཉེན་ཡོད་མི་ལུ་བརྟེན་ཨིན་མས།

རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལཝ་ད་ མི་སེར་རང་སོའི་ མི་སྡེ་དང་ དཔལ་འབྱོར་ མཐའ་འཁོར་གྱི་ བདེ་འབྱོར་གོང་འཕེལ་དང་ འཛིན་སྐྱོང་ནང་ ཐད་ཀར་གྲལ་གཏོགས་ཀྱི་ ཕན་གྲོགས་ལུ་ བཙག་འཐུ་གྲུབ་པའི་ ས་གནས་གཞུང་ཚུ་ལུ་ དབང་ཚད་དང་ དབང་འཛིན་ཕྱིར་སྤེལ་འབད་དགོཔ་མ་ཚད་ ས་གནས་གཞུང་གིས་ ས་གནས་ཀྱ་ མངའ་ཁོངས་ལུ་ ཕན་གནོད་ཆེ་བའི་གནད་དོན་སྐོར་ལས་ དམངས་ཀྱིས་བརྩི་འཇོག་དོན་ལུ་ འཇོམས་ཐབས་ཡོདཔ་སྦེ་ ས་གནས་ཀྱི་ མཐའ་དོན་ཚུ་ རྒྱལ་ཡོངས་གཞུང་སྐྱོང་གི་ ཁྱབ་ཁོངས་ནང་ བརྩི་ཁུངས་ཡོདཔ་ ངེས་གཏན་བཟོ་དགོཔ་ཨིན་མས།

ས་གནས་གཞུང་གི་ བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ས་གནས་གཞུང་དགོ་མི་དེ་ཡང་ དབང་ཚད་དང་ དབང་ཚད་ཕྱིར་སྤེལ་གྱི་སྒོ་ལས་ མི་སེར་གྱིས་ རང་སོའི་མི་སྡེ་དང་ དཔལ་འབྱོར་ མཐའ་འཁོར་གྱི་ བདེ་འབྱོར་གོང་འཕེལ་དང་ འཛིན་སྐྱོང་ནང་ ཐད་ཀར་གྲལ་གཏོགས་ཀྱི་ ཕན་གྲོགས་དོན་ལུ་ཨིནམ་ད་ རྫོང་ཁག་ཚོགས་འདུ་འདི་ རྫོང་ཁག་ནང་གི་ གྲོས་ཐག་འགྲུབ་ནི་གི་ འདུས་ཚོགས་མཐོ་ཤོས་ཨིན།

འདི་འབདཝ་ལས་ ས་གནས་གཞུང་གིས་ ཁོང་རའི་དབང་ཚད་དང་འཁྲིལ་ གནད་དོན་ག་ཅི་ནང་ ཐག་བཅད་ཆོགཔ་ཨིན་ན་དང་ གཞུང་ལྟེ་བ་གིས་ ས་གནས་གཞུང་གི་ མཐའ་དོན་ཚུ་ནང་ ཐེ་གཏོགས་འབད་ཆོག་མི་ཆོག་ དབྱེ་བ་ཕྱེ་བ་ཅིན་ རང་སོའི་ལཱ་དང་ འགན་ཁུར་ དབང་ཚད་ཚུ་ཡང་ དྭངས་གསལ་འགྱོ་ནི་ཨིནམ་ལས་ མགུ་འཐོམ་དགོཔ་ མི་འབྱུང་ཟེར་ ཞུ་ནི་ཨིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *