ས་གནས་གཞུང་གི་ འཐུས་མི་ཚུ་ལུ་ ཐོབ་ལམ་དང་འཁྲིལ་ ངལ་གསོ་བྱིན་དགོཔ།

༉ ས་གནས་གཞུང་གི་ འཐུས་མི་ཚུ་ཡང་ ཞི་གཡོགཔ་ཚུ་བཟུམ་སྦེ་ར་ ངལ་གསོའི་ཐོབ་ལམ་དེ་ ཅོག་འཐདཔ་ཨིན་ཟེར་བའི་ ལན་གསལ་དེ་ གཞུང་གིས་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་ནུག།
ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ནང་ གྲོས་ཆོད་དང་ལེན་སྐབས་ལུ་ བསམ་གྲུབ་ལྗོངས་མཁར་གྱི་འཐུས་མི་ ཁྲི་འཛིན་འོགམ་འཇིགས་མེད་དབང་ཕྱུག་གིས་ ཞུ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་༢༠ པའི་ནང་ ས་གནས་གཞུང་གི་ ངལ་གསོའི་ཐོབ་ཐངས་ཀྱི་སྐོར་ལས་ གསུང་གྲོས་མ་བཏུབ་བཏུབ་གནང་སྟེ་ གྲོས་འདེབས་ཁག་དག་པ་ཅིག་ གཞུང་ལུ་ ཕུལ་ཡི་ཟེར་ཨིན་པས།
དེ་ཡང་ གཞུང་གིས་ ས་གནས་གཞུང་གི་ འཐུས་མི་ཚུ་གི་ སྟབས་བདེ་སྡུག་ལུ་གཟིགས་ཏེ་ ཐོབ་ཐངས་ཚུ་ མ་བཏུབ་བཏུབ་སྦེ་ ཡར་སེང་གནང་རུང་ རྒྱལ་ཡོངས་ཚོགས་སྡེ་ནང་ གསུང་གྲོས་གནངམ་ད་ ངལ་གསོ་གི་ཐོབ་ཐངས་དེ་ དངུལ་ཕོགས་ལྷན་ཚོགས་ཐེངས་༣ པའི་ གྲུབ་འབྲས་སྙན་ཞུ་ནང་ ཐོབ་ཐངས་ཚུ་ ཧིང་སངས་ས་སྦེ་ འཐོབ་ཟེར་ འཁོད་དེ་མིན་འདུག་ཟེར་ཨིན་པས།
ས་གནས་གཞུང་གི་བཅའ་ཁྲིམས་ཀྱི་ དོན་ཚན་༡༥ པའི་ནང་ ས་གནས་གཞུང་གི་འཐུས་མི་ཚུ་ ངལ་གསོའི་ཐོབ་ལམ་ཚུ་ ཞི་གཡོགཔ་ག་ཨིནམ་སྦེ་ར་ འཐོབ་དགོཔ་ཡོད་དེ་འབད་རུང་ འཐུས་མི་ཚུ་གི་ ཐོབ་ཐངས་ཀྱི་སྐོར་ལས་ གསུང་གྲོས་གནང་པའི་སྐབས་ ཧིང་སངས་ས་སྦེ་ མིན་འདུག་ཟེར་ཨིན་པས།
དེ་འབདཝ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ ས་གནས་གཞུང་གི་ འཐུས་མི་ཚུ་ལུ་ ཚ་གྱང་ཐེབས་འབག་སྟེ་ གསུང་གྲོས་ལེགས་ཤོམ་གནང་ཞིནམ་ལས་ གཞུང་ལུ་ གྲོས་འདེབས་དེ་ཡང་ འཐུས་མི་ཚུ་ལུ་ ཐོབ་ཐངས་ཚུ་ བཅའ་ཁྲིམས་ནང་ འཁོད་དེ་ཡོད་དོ་བཟུམ་སྦེ་ འཐོབ་དགོཔ་འདུག་ཟེར་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ལུ་ ཕུལ་ཡོདཔ་སྦེ་ཨིན་པས།
དེ་བསྒང་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གིས་ ས་གནས་གཞུང་གི་ ཐོབ་ལམ་དཔྱད་ཡིག་དང་ སྒྲིག་གཞི་ཚུ་ བཟོ་བའི་བསྒང་ཡོད་ཟེར་སླབ་ཡོད་རུང་ གཞུང་གིས་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚེས་༢༦ ལས་ཚུར་ ས་གནས་གཞུང་གི་ ངལ་གསོའི་ཐོབ་ཐངས་ཚུ་ག་ར་ ས་གནས་གཞུང་གི་བཅའ་ཁྲིམས་ནང་ འཁོད་དེ་ཡོད་མི་དང་འཁྲིལ་ཏེ་ར་ བྱིན་ནི་སྦེ་ ཆ་འཇོག་གྲུབ་ཡོདཔ་བཞིན་དུ་ སྟབས་མ་བདེཝ་ག་ཅི་ཡང་མེད་ཟེར་བའི་ ལན་གསལ་ལྷོད་ཡོདཔ་སྦེ་ཨིན་པས།
དེ་འབདཝ་ལས་ ལན་གསལ་དེ་ཡང་ རྒྱལ་ཡོངས་ཚོགས་སྡེ་གིས་ རེ་བ་བསྐྱེད་དོ་བཟུམ་ ས་གནས་གཞུང་གི་ ཐོབ་ཐངས་ཚུ་ བཅའ་ཁྲིམས་དང་འཁྲིལ་ཏེ་ འབད་ནི་ཨིན་ཟེར་མི་ལུ་ སེམས་དགའ་ཡི་ཟེར་ ཁྲི་འཛིན་འོགམ་འཇིགས་མེད་དབང་ཕྱུག་གིས་ ཞུ་ཡི།
བུམ་ཐང་གི་འཐུས་མི་ ཉི་མ་གིས་འབད་བ་ཅིན་  གནད་དོན་དེ་གི་ཐད་ཁར་ འདས་པའི་ཚོགས་ཐེངས་ནང་ གསུང་གྲོས་གནང་ཡོདཔ་ལས་ ཁྲི་འཛིན་འོགམ་གིས་ བསམ་པ་རྫོགས་ཡོདཔ་སྦེ་ ཞུ་རུང་  ཁོ་ར་ བསམ་པ་དུམ་གྲ་ཅིག་ མ་རྫོགས་མི་དེ་ཡང་ བཅའ་ཡིག་དང་སྒྲིག་གཞི་དང་འཁྲིལ་ཏེ་ སྤྲོད་ནི་དང་ ཐོབ་ཐངས་ཚུ་ཡང་ དེ་དང་འཁྲིལ་ཏེ་ བྱིན་ནི་ཨིན་ཟེར་ སླབ་དོ་ཡོད་རུང་ ཐོབ་ཐངས་སྐོར་ལས་ ཧིང་སངས་ས་སྦེ་ ག་ཏེ་ཡང་ འཁོད་དེ་མེདཔ་ལས་ དེ་ལུ་བསམ་པ་མ་རྫོགས་ཟེར་ཞུ་ཡི།
གཞལམ་སྒང་གི་འཐུས་མི་ པདྨ་གྲགས་པ་གིས་འབད་བ་ཅིན་ ས་གནས་གཞུང་གི་ ཐོབ་ཐངས་ཀྱི་ བཅའ་ཡིག་དང་སྒྲིག་གཞི་ཚུ་ ཡོངས་འབྲེལ་ནང་འཚོལ་རུང་ ཐོབ་མ་ཚུགསཔ་ལས་ དེ་ནང་ཧིང་སངས་ས་ཡོད་མེད་ ངོས་ལེན་འབད་མི་ཚུགས་པས་ཟེར་ཞུ་ཡི།
ཁྲི་འཛིན་འོགམ་གིས་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ཚེས་༢༦ ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ཅི་ཟེར་ ལན་ལྷོད་ཡོདཔ་ལས་ དང་ལེན་འབད་ཡི་ཟེར་བའི་ སྙན་ཞུ་ཕུལ་ཡོདཔ་ལས་  དེ་ལས་ལྷག་སྟེ་ ཞུ་ནི་མེད་ཟེར་ ཞུ་ཡི།
ཁྲི་འཛིན་བཀྲིས་རྡོ་རྗེ་གིས་འབད་བ་ཅིན་ ཁྲི་འཛིན་འོགམ་གིས་ འགོ་འདྲེན་འཐབ་སྟེ་  བཅའ་ཡིག་དང་སྒྲིག་གཞི་ནང་ ཁ་གསལ་ག་དེ་སྦེ་ ཚུད་ཡོདཔ་ཨིན་ན་ བལྟ་དགོ་པའི་ཁར་ ལྷན་ཐབས་ཀྱི་ གྲོས་འདེབས་ཕུལ་དགོཔ་ཡོད་མེད་ཀྱི་ གསུང་གྲོས་གནང་དགོཔ་སྦེ་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *