ས་གནས་གཞུང་གི་བཅའ་ཁྲིམས་ དམ་དྲགས་ཡོདཔ་ལས་ འཕྲི་སྣོན་འབད་ནི།

༉ གཞུང་གིས་ ས་གནས་གཞུང་གི་བཅའ་ཁྲིམས་ འཕྲི་སྣོན་འབད་ནིའི་དོན་ལུ་ སྤྱི་ཟླ་༥ པའི་ནང་ དབུ་འཛུགས་གནང་ནི་ཨིན་མི་ རྒྱལ་ཡོངས་ཚོགས་འདུ་ནང་ ཕུལ་ནི་གི་ ལས་འཆར་ཡོདཔ་ད་ བསྒྱུར་བཅོས་འབད་བ་ཅིན་ གོང་འཕེལ་གྱི་ ལས་སྣ་ལག་ལེན་འཐབ་པའི་སྐབས་ དཀའ་ངལ་བྱུང་མི་ཚུ་ སེལ་ཚུགས་ནི་ཨིན་པས།

ས་གནས་གཞུང་སྐྱོང་ལས་ཁུངས་ཀྱི་མདོ་ཆེན་ དཀར་མདོག་བཟང་པོ་གིས་ སླབ་མིའི་ནང་ ལས་ཁུངས་ཀྱིས་ དཔྱད་ཡིག་གི་དོན་ལུ་ ས་གནས་གཞུང་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ དེ་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་བརྩིས་ཏེ་ འབྲེལ་ཡོད་ལས་སྡེ་ཚུ་དང་ གྲོས་བསྟུན་འབད་ཡོདཔ་ལས་ སྙན་ཞུ་དེ་ འཕྲལ་མགྱོགས་ར་ གཞུང་ལུ་ ཕུལ་འོང་ཟེར་ཨིན་པས།

ལས་ཁུངས་ཀྱིས་ དཔྱད་ཡིག་འཕྲི་སྣོན་གྱི་ གྲོས་འདེབས་དེ་ ན་ཧིང་ གཞུང་ལུ་ཕུལ་ཡོད་རུང་ འབྲེལ་ཡོད་ལས་སྡེ་ཁག་ཚུ་དང་ གྲོས་བསྟུན་འབད་ནིའི་དོན་ལས་ ལོག་ལས་ཁུངས་ལུ་ བཏང་ཡོདཔ་ཨིན་པས།

དབང་ཚད་སྤྱིར་སྤེལ་དང་ འཆར་དངུལ་ཡོངས་བསྡོམས་ལས་ བརྒྱ་ཆ་༥༠ ས་གནས་གཞུང་ལུ་ བགོ་བཀྲམ་འབད་ཡོདཔ་ལས་ ས་གནས་གཞུང་གི་ བཅའ་ཁྲིམས་དེ་ འཕྲི་སྣོན་འབད་ནི་དེ་ དགོས་མཁོ་ཅན་ཅིག་སྦེ་ བྱུང་སྟེ་ཡོདཔ་ཨིན་པས།

སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ སླབ་མིའི་ནང་ དུས་ཅི་ ལོ་མཇུག་བསྡུ་ཁམས་ཅིག་ལུ་ ས་གནས་གཞུང་གི་ འགོ་དཔོན་གསརཔ་ཚུ་ བཙག་འཐུ་འབད་ནི་ཨིནམ་ལས་ བཅའ་ཁྲིམས་འཕྲི་སྣོན་འབད་ནི་དེ་ དུས་ཐོག་ལུ་ འོང་ནི་མས་ཟེར་ཨིན་པས།

བཅའ་ཁྲིམས་ནང་ ས་གནས་གཞུང་གིས་ རང་སོའི་ཁྱབ་དབང་ནང་འཁོད་ལུ་ གཞུང་དང་ འབྲེལ་ཡོད་སྤྱི་ཚོགས་ཀྱི་ འཐུས་མི་ཚུ་དང་ གྲོས་བསྟུན་མེད་པར་ གནང་བྱིན་ཚུ་ བགོ་བཀྲ་འབད་དགོཔ་སྦེ་ཡོད་རུང་ ད་ལྟོའི་གནས་སྟངས་ནང་ གཞུང་ལྟེ་བ་དང་ ས་གནས་གཞུང་གི་བར་ན་ མཉམ་འབྲེལ་དང་ བརྡ་དོན་ལེགས་ཤོམ་མེདཔ་ལས་ འཆར་དངུལ་ཚུ་ འོས་འབབ་མེད་པའི་ ཟད་འགྲོ་བཏང་དོ་ཡོདཔ་ཨིན་པས།

འཐུས་མི་ཚུ་གིས་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ འཆར་དངུལ་ཚུ་ འོས་འབབ་མེད་མི་ ལས་སྣ་ཚུ་ནང་ བགོ་བཀྲམ་འབད་ནིའི་ འོས་འབབ་སྦོམ་ཡོདཔ་ད་ བཅའ་ཁྲིམས་ནང་ རང་སོའི་འདེམས་ཁོངས་ཀྱི་ འཐུས་མི་ཚུ་གིས་ བསམ་འཆར་ཚུ་ བརྗེ་སོར་འབད་ནི་ལུ་ ཆ་རྐྱེན་གསལ་བཀོད་འབད་དེ་ མིན་འདུག་ཟེར་ཨིན་པས།

དབང་འདུས་ཕོ་བྲང་ཨང་ཐང-ཐེ་ཚོ་གི་འཐུས་མི་ ཀུན་ལེགས་དབང་ཕྱུག་གིས་ རྒེད་འོག་མང་ཤོས་ཅིག་ནང་ གོང་འཕེལ་གྱི་ འཆར་གཞི་ལེགས་ཤོམ་ཅིག་མེད་པའི་ཁར་ འཆར་གཞི་བཟོ་ནིའི་དོན་ལུ་ ཡིག་ཆ་ཅིག་ཡང་ མིན་འདུག་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ གནང་བྱིན་སྦེ་ བགོ་བཀྲམ་འབད་མི་ འཆར་དངུལ་ཚུ་ དགོས་མཁོ་དང་ལྡན་པའི་ ལས་སྣ་ཚུ་ལུ་ མི་གཏང་དོ་ཡོདཔ་ལས་ གོང་འཕེལ་ལེགས་ཤོམ་སྦེ་ གཏང་མ་ཚུགས་པའི་ དོགས་པ་ཡོད་ཟེར་ཨིན་པས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ ཡང་ཅིན་ གཞུང་གི་ཐད་ལུ་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ རྫོང་ཁག་ནང་ འཆར་གཞི་ལས་སྣའི་ ལམ་སྟོན་དཔེ་དེབ་ཅིག་ བྱིན་པ་ཅིན་ རྒེད་འོག་ནང་ གོང་འཕེལ་ལས་སྣ་ཚུ་གི་ འཆར་གཞི་བརྩམ་པའི་སྐབས་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།

སྒང་ཟུར་-སྨིན་རྗེའི་འཐུས་མི་ ཀུན་དགའ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ས་གནས་གཞུང་ནང་ འཆར་དངུལ་ཚུ་ ལེགས་ཤོམ་དང་ འཇོན་ཐངས་ཅན་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ ས་གནས་གཞུང་གི་ བཅའ་ཁྲིམས་དེ་ འཕྲི་སྣོན་འབད་དགོཔ་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ས་གནས་གཞུང་གི་ གནས་ཚད་ནང་ འཆར་གཞི་དང་ འཆར་དངུལ་ཚུ་ ལེགས་ཤོམ་སྦེ་ བགོ་བཀྲམ་འབད་དགོ་པའི་ཁར་ བཅའ་ཁྲིམས་ནང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ ལས་སྣ་ཚུ་ འཇོན་ཐངས་ཅན་ཅིག་སྦེ་ ལག་ལེན་འཐབ་ཡོད་མེད་ བལྟ་ནིའི་དོན་ལུ་ ཆ་རྐྱེན་ཅིག་ བཞག་དགོཔ་འདུག་ཟེར་ཨིན་པས།

སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ འབྲེལ་གཏོགས་འབད་བ་ཅིན་ ས་གནས་གཞུང་ནང་ ལྷན་ཐབས་སྦོམ་ འབྱུང་ཚུགས་ཟེར་ འཐུས་མི་ཀུན་དགའ་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།

འཐུས་མི་ཚུ་གིས་ བཤད་མིའི་ནང་ ས་གནས་གཞུང་དང་ རྒེད་འོག་ ཁྲོམ་སྡེ་ རྫོང་ཁག་ དེ་ལས་ འཐུས་མི་ཚུ་གི་བར་ན་ བརྡ་དོན་དང་ མཉམ་འབྲེལ་ལེགས་ཤོམ་མིན་འདུག་ཟེར་ཨིན་པས།

ས་གནས་གཞུང་གིས་ གོང་འཕེལ་ལས་སྣ་ཚུ་གི་སྐོར་ལས་ བརྡ་དོན་ཚུ་ འཐུས་མི་ཚུ་དང་ བརྗེ་སོར་འབད་ནི་ལུ་ གཡང་ཟ་དོ་ཡོདཔ་ད་ མ་གཞི་ གྲོས་ཆོད་དེ་ ས་གནས་གཞུང་གིས་ བཅད་དེ་འབད་རུང་ འཐུས་མི་ཚུ་ཡང་ འབྲེལ་བ་འཐབ་པ་ཅིན་ རང་སོའི་བསམ་འཆར་ཚུ་ བརྗེ་སོར་འབད་ཐོག་ལས་ ཁེ་ཕན་འབྱུང་ཚུགས་ཟེར་ འཐུས་མི་ཅིག་གིས་ བཤདཔ་ཨིན་པས།

དབང་འདུས་ཕོ་བྲང་ཀ་བཞི་རྒཔོ་ དབང་འདུས་ཀྱིས་ སླབ་མིའི་ནང་ བཅའ་ཁྲིམས་ཀྱི་ དོན་ཚན་ལ་ལོ་ཅིག་ འཕྲི་སྣོན་འབད་དགོཔ་ཡོད་མི་དེ་ཡང་ བཅའ་ཁྲིམས་ནང་ཡོད་མི་ མང་ཤོས་ཅིག་ ལག་ལེན་འཐབ་མ་ཚུགས་པར་ ལུསཔ་མས་ཟེར་ཨིན་པས།

ཧཱ་སྦྱིས་རྒེད་འོག་གི་རྒཔོ་ པ་སངས་ཀྱིས་ བཅའ་ཁྲིམས་ཀྱིས་ ས་གནས་གཞུང་ནང་ དཀའ་ངལ་བྱུང་མི་ཚུ་ སེལ་ཐབས་འབད་མ་ཚུགས་པར་ཡོད་ཟེར་ བཤད་པའི་ཁར་ གཞུང་གིས་ གནང་བྱིན་ཡར་སེང་འབད་མི་ལུ་བརྟེན་ མི་སྟོབས་ཀྱི་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ བཤདཔ་ཨིན་པས།

ན་ཧིང་ སྤྱི་ཟླ་༡ པའི་ རྒྱལ་ཡོངས་ཚོགས་འདུ་གིས་ གཞི་རྟེན་གྱི་ ལཱ་ལེགས་ཤོམ་འབད་དེ་མེདཔ་ལས་ ས་གནས་གཞུང་གི་ དཔྱད་ཡིག་འཕྲི་སྣོན་འབད་ནི་དེ་ ཕར་འགྱངས་འབད་ཡོདཔ་ཨིན་པས།

གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གིས་ གཞུང་ལུ་ རྒཔོ་དང་ དམངས་མི་ དེ་ལས་ ཁྲོམ་སྡེའི་འཐུས་མིའི་ ཤེས་ཚད་དེ་ སློབ་རིམ་༡༠ པ་ལུ་ ཡར་སེང་འབད་དགོ་པའི་ གྲོས་འཆར་ཕུལ་ཏེ་ཡོདཔ་ཨིན་པས།

ཨིན་རུང་ སྤྱི་ཚོགས་ཀྱི་ འཐུས་མི་ཅིག་གིས་ སླབ་མིའི་ནང་ རྒེད་འོག་ཚུ་དང་གཅིག་ཁར་ བསྡབ་ནི་གི་ལཱ་ཚུ་ མཚམས་འཇོག་འབད་དེ་ཡོདཔ་ལས་ ད་ལྟོའི་གནས་སྟངས་ནང་ ཤེས་ཚད་དགོས་མཁོ་ཅིག་མིན་འདུག་ཟེར་ཨིན་པས།

ས་གནས་གཞུང་གི་ བཅའ་ཁྲིམས་དང་འཁྲིལཝ་ད་ ས་གནས་གཞུང་གིས་ དམངས་གཙོ་དང་ འགན་འཁྲི་ཅན་གྱི་ གཞུང་ལུགས་བཙུགས་ནི་དང་ མི་སྡེ་འཚོ་བའི་མཉམ་འབྲེལ་དང་ ཞི་བདེ་ དགའ་སྐྱིད་ སྲུང་སྐྱོབ་ཚུ་ རྒྱུན་སྐྱོང་གི་ འགོ་འདྲེན་འཐབ་ནི་ཨིན་པས།

དེ་མ་ཚད་ ཉེ་ཚན་འདུ་ཤེས་ཀྱི་ རྟེན་གཞི་གཅིག་སྒྲིལ་ལུ་ ཕན་རླབས་ཆེ་བའི་ ཆ་རྐྱེན་ཚུ་ ཡར་དྲག་གཏང་ནི་དང་ དབང་འཛིན་ཡོད་པའི་ ས་ཁོངས་ཀྱི་ ནང་འཁོད་ལུ་ མཐའ་འཁོར་གནས་སྟངས་ ཉམས་སྲུང་དང་ ཡར་དྲག་གི་ འོས་འབབ་ལྡན་པའི་ རྒྱལ་ཁབ་ཀྱི་ འབྲེལ་གནད་ཅན་གྱི་ཁྲིམས་དང་ སྲིད་བྱུས་གཞན་ཚུ་དང་ འབྲེལ་མཐུན་ཡོད་པའི་ ལས་སྣ་གང་རུང་ འགོ་འདྲེན་འཐབ་དགོ་ཟེར་ བཅའ་ཁྲིམས་ནང་ གསལ་བཀོད་འབད་དེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *