ས་གཏེར་དང་ གཏེར་ཁ་ལས་སྡེ་ཚུ་གིས་ ལཱ་གཡོག་མངམ་བཟོ་དགོཔ།

༉ སྤྱི་ཟླ་༧ པའི་ཚེས་༣༡ ལུ་ ཐིམ་ཕུག་ལུ་ ས་གཏེར་དང་ གཏེར་ཁའི་དཔྱད་ཡིག་གུ་ འབྲེལ་ཡོད་ཚུ་དང་ གྲོས་བསྟུན་འབད་བའི་སྐབས་ རྒྱལ་ཡོངས་ཚོགས་འདུའི་ དཔལ་འབྱོར་དང་ དངུལ་རྩིས་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ སྒེར་སྡེའི་ས་གཏེར་ལས་སྡེ་ཚུ་གི་ མཉམ་འབྲེལ་འགན་ཁུར་ཅིག་ཨིནམ་ལས་ ཁོང་ལུ་ ལས་སྡེ་ནང་ ལཱ་གཡོག་གི་ གོ་སྐབས་བཟོ་དགོཔ་སྦེ་སླབ་ཅི།
གྲོས་བསྟུན་ཞལ་འཛོམས་ནང་ ཐིམ་ཕུག་དང་ དབང་འདུས་ཕོ་བྲང་ སྤུ་ན་ཁ་ སྤ་རོ་ དེ་ལས་ རྩི་རང་གི་ ས་གཏེར་ལས་སྡེའི་ ངོ་ཚབ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ད་ ཚོགས་ཆུང་གི་ཁྲི་འཛིན་ ཨང་ཐང་-ཐེད་ཚོ་གི་འཐུས་མི་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ ལཱ་གཡོག་བཟོ་ནི་དེ་ གཞུང་གི་གཙོ་རིམ་ཅིག་ཨིནམ་ལས་ ས་གཏེར་ལས་སྡེ་ཚུ་གིས་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་ལུ་ དམིགས་གཏད་བསྐྱེད་དགོ་ཟེར་ཨིན་པས།
ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ས་གཏེར་གྱི་ ཇོ་བདག་ཚུ་ལུ་ སླབ་མིའི་ནང་ ས་གཏེར་ལུ་བརྟེན་ གནོད་སྐྱོན་བྱུང་མི་ མི་སྡེ་ཚུ་གི་ རང་བཞིན་གནས་སྟངས་ལུ་ གནོད་པ་མ་བྱུང་བར་ གཞི་རྟེན་མཐུན་རྐྱེན་ ཡར་དྲག་གཏང་ནི་ལུ་ གཙོ་རིམ་བཟུང་དགོ་ཟེར་ཨིན་པས།
སྒེར་སྡེ་ལས་སྡེ་ དཔལ་འབྱོར་ཡར་དྲག་གཏང་ནི་གི་ འཕྲུལ་ཨམ་ངོ་མ་ཅིག་འབདཝ་ལས་ ཚོགས་ཆུང་གི་འཐུས་མི་ འགྱུར་མེད་དབང་ཕྱུག་གིས་ སླབ་མིའི་ནང་ ས་གཏེར་ཇོ་བདག་ཚུ་གིས་ ས་གཏེར་ས་ཁོངས་ནང་ཡོད་པའི་ གཡུས་ཚན་གྱི་ ལྷ་ཁང་དང་ སྨན་ཁང་ དེ་ལས་ འཁོར་ལམ་ཚུ་ རྩི་ནག་གཏང་ནི་གི་ རྒྱབ་སྐྱོར་བྱིན་དགོ་ཟེར་ཨིན་པས།
ཚོགས་ཆུང་གི་ འཐུས་མི་ཚུ་གིས་ བཤད་མིའི་ནང་ ས་གཏེར་ལས་སྡེ་ནང་ ལཱ་གཡོག་གི་ ཉེན་སྲུང་ནང་ གཙོ་རིམ་བཟུང་དགོཔ་མ་ཚད་ ཐོབ་ཐངས་དང་འཐུས་ཚུ་ཡང་ གཞུང་དབང་ལས་སྡེ་དང་འཁྲིལ་ཏེ་ བྱིན་དགོ་ཟེར་ཨིན་པས།
ས་གཏེར་དེ་ རྒྱལ་ཁབ་ཀྱི་ རྒྱུ་དངོས་ཨིནམ་སྦེ་ རྩ་ཁྲིམས་ཆེན་མོ་ནང་ འཁོད་དེ་ཡོདཔ་བཞིན་དུ་ དེ་ལུ་བརྟེན་པའི་ ཁེ་ཕན་ཚུ་ མི་རབས་ལས་མི་རབས་ལུ་ འབྱུང་ཚུགསཔ་བཟོ་ནི་ ཁག་ཆེཝ་ལས་ ས་གཏེར་དཔྱད་ཡིག་དེ་ཡང་ དེ་དང་འཁྲིལ་ཏེ་ རིམ་སྒྲིག་འབད་དགོ་ཟེར་ཨིན་པས།
ས་གཏེར་དཔྱད་ཡིག་གསརཔ་ནང་ གཞུང་དང་ སྒེར་སྡེ་༢ ཆ་ར་གིས་ དོ་མགྲན་འབད་ནི་ བྱ་རིམ་ཚུ་ བཙུགས་ཏེ་ཡོདཔ་ད་ ཚོགས་ཆུང་གིས་ གནད་དོན་དེ་གི་སྐོར་ལས་ གྲོས་བསྟུན་འབད་བར་ ལྷོ་ཕྱོགས་དང་ ཤར་ཕྱོགས་རྫོང་ཁག་གི་ ས་གཏེར་ལས་སྡེ་ཚུ་དང་ཡང་ གྲོས་བསྟུན་འབད་ནི་ཨིན་པས།
ས་གཏེར་ལས་སྡེའི་ ངོ་ཚབ་ཚུ་གིས་ བཤད་མིའི་ནང་ ལས་སྡེ་ནང་ ལས་མིའི་ཉེན་སྲུང་དང་ ལཱ་གཡོག་བདེ་སྲུང་ཚུ་ ལས་སྡེའི་བཅའ་ཡིག་དང་ སྒྲིག་གཞི་ཚུ་དང་འཁྲིལ་ བཟོ་སྟེ་ཡོད་ཟེར་ཨིནམ་ད་ གལ་སྲིད་ ལས་སྡེ་ཚུ་གིས་ སྒྲིག་གཞི་ལས་འགལ་བ་ཅིན་ དབང་འཛིན་གྱིས་ ལྟ་རྟོག་དང་ ཞིབ་དཔྱད་འབད་བར་ འོང་དགོ་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ སྒེར་སྡེ་ནང་ ལཱ་འབད་མི་ ལས་བྱེདཔ་ཚུ་ ལས་སྡེ་ནང་ ཁེ་ཕན་ཡོད་པ་ཅིན་ བཏོན་གཏང་ནི་མེད་པའི་ཁར་ ལས་མི་ཚུ་ཡང་ ལས་སྡེའི་དགོས་མཁོ་དང་འཁྲིལ་ཏེ་མ་གཏོགས་ བཙུགས་ནི་མེད་ཟེར་ཨིན་པས།
ལས་སྡེའི་ཇོ་བདག་ཚུ་གིས་ སླབ་མིའི་ནང་ ལཱ་གཡོག་བཟོ་ནི་དེ་ ཁོང་གི་ འགན་ཁུར་ཅིག་ཨིནམ་བཞིན་དུ་ ལཱ་གཡོག་དེ་ཡང་ ས་གཏེར་ཡོད་པའི་ མི་སེར་ཚུ་ལུ་ གཙོ་རིམ་དང་པ་ བྱིན་དོ་ཟེར་ཨིན་པས།
ངོ་ཚབ་ཚུ་གིས་ གནད་དོན་དེ་གི་སྐོར་ལས་ བསམ་འཆར་ཚུ་ ཚོགས་ཆུང་ལུ་ བཤད་པའི་ཁར་ ས་གཏེར་དང་ གཏེར་ཁ་ལས་སྡེ་ནང་ ཁོང་གིས་ བཅའ་མར་གཏོགས་ནིའི་དོན་ལུ་ སྒོ་ཡངས་དྲགས་སྦེ་ བཞག་དགོ་ཟེར་བཤད་ཅི།
གྲོས་བསྟུན་ཞལ་འཛོམས་དེ་ཡང་ འབྲེལ་ཡོད་ལས་སྡེ་ཚུ་ལས་ ས་གཏེར་དང་ གཏེར་ཁ་དཔྱད་ཡིག་ལུ་ བསམ་ལེན་ཚུ་ བརྗེ་སོར་འབད་ནིའི་དོན་ལུ་ འགོ་འདྲེན་འཐབ་ཨིན་པས།
གཞུང་གིས་ ས་གཏེར་དང་ གཏེར་ཁའི་དཔྱད་ཡིད་དེ་ རྒྱལ་ཡོངས་ཚོགས་འདུ་ནང་ དུས་ཅི་ སྤྱི་ཟླ་༥ པའི་ནང་ ངོ་སྤྲོད་འབད་ཡོདཔ་ད་ དཔྱད་ཡིག་དེ་གིས་ ས་གཏེར་ལས་སྡེའི་ གནད་དོན་དང་ ས་གཏེར་བགོ་བཀྲམ་བྱ་རིམ་ ད་ལྟོའི་གདོང་ལེན་ཚུ་ སེལ་ཐབས་འབད་ཚུགས་ནི་མ་ཚད་ ས་གཏེར་ཚོང་འབྲེལ་ནང་ འོས་མཐུན་གྱི་ གནས་སྟངས་བཟོ་ཚུགས་ནི་ཨིན་པས།
དཔྱད་ཡིག་དེ་གིས་ དམིགས་དོན་གཅིགཔོ་དེ་ ས་གཏེར་ལས་སྡེ་ནང་ མ་རྩ་གཞི་བཙུགས་ཐོག་ལས་ འབྲེལ་ཡོད་བཟོ་གྲྭ་ཁང་བཙུགས་ཏེ་ ས་གཏེར་གྱི་ བཅའ་ཁྲིམས་ལེགས་ལྡན་བཟོ་ནི་དང་ འོང་འབབ་ལུ་ ལྷན་ཐབས་འབད་ནི་ཨིན་པས།
ས་གཏེར་དང་ གཏེར་ཁའི་དཔྱད་ཡིག་༢༠༢༠ ཅན་མ་དེ་ བསྟན་རྒྱས་ལྷན་ཁག་གིས་ ས་གཏེར་ལས་སྡེ་ནང་ ད་ལྟོའི་གནས་སྟངས་དང་ གདོང་ལེན་ དེ་ལས་ གནད་དོན་དང་འཁྲིལ་ཏེ་ ཟིན་བྲིས་བཏབ་སྟེ་ བཟོ་ཡོདཔ་ཨིན་པས།
དཔྱད་ཡིག་ནང་ རང་དབང་ཅན་གྱི་ ས་གཏེར་དབང་འཛིན་དང་ ས་གཏེར་ལས་ཁུངས་ལས་ བཏོན་བཏང་ཐོག་ལས་ སོ་སོར་བཟོ་དགོ་པའི་ གྲོས་འདེབས་ཕུལ་ཏེ་ཡོདཔ་བཞིན་དུ་ དཔྱད་ཡིག་དེ་ ས་གཏེར་དང་ གཏེར་ཁའི་བཅའ་ཁྲིམས་༡༩༩༥ ཅན་མའི་ཚབ་སྦེ་ འོང་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *