ས་གཏེར་དང་ གཏེར་ཁ་དཔྱད་ཡིག་དེ་ འཕྲལ་མཁོ་དཔྱད་ཡིག་མེན་པའི་དོགས་སེལ།

༉ ས་གཏེར་དང གཏེར་ཁ་དཔྱད་ཡིག་དེ་ གནམ་བྱཱར་གྱི་ ཚོགས་བཞུགས་ནང་ གནད་དོན་ག་ཅི་ལུ་བརྟེན་ འཕྲལ་མཁོའི་དཔྱད་ཡིག་སྦེ ཁྱད་ཆོས་མ་ཚངམ་ཨིན་ན་ རྒྱལ་ཡོངས་ཚོགས་སྡེ་གིས་ དོགས་སེལ་འབད་ནུག།
དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡༥ ལུ་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་གྱིས་ ཡིག་ཐོག་ལུ་ འཕྲལ་མཁོ་དཔྱད་ཡིག་སྦེ་ ངོས་ལེན་འབད་བའི་ཤུལ་ལས ཚོགས་འདུའི་དངུལ་རྩིས་དང་ དཔལ་འབྱོར་ཚོགས་ཆུང་གིས་ འཕྲལ་མཁོ་དཔྱད་ཡིག་སྦེ་ བཙུགས་ནིའི་དོན་ལུ་ འབྲེལ་ཡོད་ས་གཏེར་དང་ རྡོ་གཏེར་གྱི་ ཇོ་བདག་ཚུ་དང་ཡང་ གྲོས་བསྟུན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
བསྐྱར་ཞིབ་ཚོགས་ཁང་ རྒྱལ་ཡོངས་ཚོགས་སྡེ་གིས་འབད་བ་ཅིན་ གཞུང་གི་ཧོངས་ལས་ གནད་དོན་༧ ཐོག་ལུ་ བདེན་ཁུངས་བཟང་སྟེ་ འཕྲལ་མཁོ་དཔྱད་ཡིག་སྦེ་ ངོས་ལེན་གྲུབ་མི་དེ་ཡང་ དཔྱད་ཡིག་དེ་གིས་ ས་གཏེར་ལས་སྡེ་ནང ཡུན་བརྟན་གོང་འཕེལ་གྱི་དོན་ལུ་ ས་གཏེར་གྱི་ བཅའ་ཁྲིམས་ལེགས་བསྒྱུར་བཟོ་ནི་དང་ ས་གཏེར་གྱི་གནས་གོང་གཅིག་མཚུངས་བཟོ་ནི་ བདག་དབང་ཡོདཔ་བཟོ་ནི་ དཔལ་འབྱོར་ཡར་དྲག་གཏང་ནི་ དྭངས་གསལ་དང་ འགན་འཁྲི་ལྷན་ཐབས་འབད་ནི དེ་ལས་ རང་བཞིན་གནས་སྟངས་དང་མཐུན་པའི་ མི་སྡེ་འགན་འཁྲི་ཅན་གྱི་ ས་གཏེར་སྦེ་ བཟོ་ཚུགས་ནིའི་དོན་ལུ་ཨིན་པས།
དེ་མ་ཚད ད་རེས་ནངས་པར་ ས་གཏེར་ལས་སྡེ་ནང་ ཆུ་གཤམ་ལས་ བྱེམ་དང རྡོ་བཏོན་ནི་དང་འབྲེལ་བའི་ གནད་དོན་དང་ གདོང་ལེན་ཚུ་ཡང་ སེལ་ཐབས་འབད་ཚུགས་ཟེར་ གཞུང་གིས་ ཡི་གུ་ནང་བཀོད་ནུག།
ཨིན་རུང་ རྒྱལ་ཡོངས་ཚོགས་སྡེ་གིས་འབད་བ་ཅིན་ གནད་དོན་ཚུ་ ཁྲིམས་བཟོའི་བྱ་བའི་གནད་སྤྱོད་༢༠༡༧ ཅན་མའི་འོག་ལུ་ཡོད་མེད་ བལྟ་དགོཔ་བཞིན་དུ་ གནད་དོན་དེ་ནང་ དཔེ་གཉིས་གསལ་བཀོད་འབད་མིའི་ནང་ སྤྱི་ཚོགས་ཀྱིས་ ལྟ་བཤལ་བསྡུ་བླངས་དགོངས་ཡངས་དཔྱད་ཡིག་༢༠༡༧ ཅན་མ་དེ་ལུ་ རྒྱལ་སྤྱིའི་ཨུ་ཚུགས་དང་ དམིགས་བསལ་ཁྲིམས་ལུགས་ཡོངས་རྫོགས་ མེདཔ་མ་གཏོགས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ གནོད་པ་མ་མཐོང་ཟེར་ཨིན་པས།
འབྲུག་གི་སྨྱོ་རྫས་དང་ སེམས་ཁམས་འཁྲུགས་རྫས་ རྫས་རིགས་ལོག་སྤྱོད་ཀྱི་དཔྱད་ཡིག་འཕྲིན་སྣོན་༢༠༡༧ ཅན་མ་ལུ་ གུས་ཞབས་ཐོག་ དཔྱད་ཡིག་དེ་ འཕྲལ་མཁོ་དཔྱད་ཡིག་སྦེ་ བཙུགས་མི་དེ་ཡང་ སྨྱོ་རྫས་དང་འབྲེལ་བའི་ གནད་དོན་ སྤྱིར་བཏང་མི་མང་ཤོས་ཅིག་གིས ལག་ལེན་འཐབ་མི་ སྨྱོ་རྫས་ཚུ་ ལག་ལེན་འཐབ་མ་ཆོག་པའི་ སྨྱོ་རྫས་དང་ རྫས་རིགས་སྦེ་ ཐོ་བཀོད་ཀྱི་གྲངས་སུ་མེདཔ་ལས དེ་གིས མི་སྡེ་དང་ ཉེན་སྲུང་གི་ སྟབས་མ་བདེཝ་ འབྱུང་ཉེན་ཡོད་མི་ལུ་བརྟེན་ཨིན་པས།
ད་རེས་ཀྱི་ཐད་ལུ་ གཞུང་གིས འཕྲལ་མཁོ་དཔྱད་ཡིག་སྦེ་ བཙུགས་ནི་གི་ གྲོས་འཆར་བཙུགས་མི་དེ་ དཔལ་འབྱོར་གོང་འཕེལ་གཏང་ནི་དང་ ལེགས་ལྡན་གཞུང་སྐྱོང་ རང་བཞིན་གནས་སྟངས་ཉམས་སྲུང་ དེ་ལས་ རྒྱལ་སྤྱིའི་ལག་ལེན་ལ་སོགས་པ་ཚུ་ལུ་བརྟེན་ཨིན་མས་ཟེར་ ཚོགས་སྡེ་གིས་བཀོད་ནུག།
དེ་འབདཝ་ལས་ རྒྱལ་ཁབ་ཀྱི་ ཉེན་སྲུང་དང་ རང་དབང་རང་བཙན་དང་འབྲེལ་བའི་ གནད་དོན་སེལ་ཐབས་འབད་ནི་ལུ་ དཔྱད་ཡིག་དགོས་མཁོ་ཅན་ མ་མཐོང་ཟེར་ བཀོད་པའི་ཁར་ མི་སྡེའི་འགྱུར་ལྡོག་དང་ མིའི་དབང་ཆ་ལས་འགལ་བའི་ ཉེན་ཁ་ཚུ་ མ་མཐོང་ཟེར་བཀོད་ནུག།
ས་གཏེར་ལས་སྡེ་ ལེགས་བསྒྱུར་འབད་ནི་མ་གཏོགས་ རྒྱལ་ཡོངས་སྲིད་དོན་གྱི་ བདེ་སྲུང་དང་ དཔལ་འབྱོར་གྱི་བདེ་སྲུང་ མི་སྡེའི་བདེ་སྲུང་དང་ རང་བཙན་ལུ་ འཇིགས་སྐུལ་སྔོན་འགོག་ ཡང་ཅིན་ བཟློག་ཐབས་མེད་པའི་ཁར་མི་གི་བྱ་སྤྱོད་ལུ་བརྟེན་ཏེ་བྱུང་བའི་ རྐྱེན་ངན་ཚུའི་འབྱེམ་དང་ ཉམས་རྒུདཔ་ཚུ་ལུ་ དེ་འཕྲོ་ལས་ གདོང་ལེན་འབད་ནི་གི་ དཔྱད་ཡིག་དགོས་མཁོ་ཅན་མིན་འདུག་ཟེར་ཨིན་པས།
གནད་དོན་དེ་ལུ་བརྟེན་ ཁྲིམས་བཟོའི་བྱ་བའི་གནད་སྤྱོད་འོག་ལུ་ འཕྲལ་མཁོ་ཅན་སྦེ་ འཁོད་དེ་མེདཔ་ལས་ སྤྱི་ཚོགས་ཀྱིས་ འཕྲལ་མཁོ་ཅན་གྱི དཔྱད་ཡིག་སྦེ་ བཙུགས་ནི་ལུ་ འོས་འབབ་མ་མཐོང་པའི་ཁར་ ས་གཏེར་དང་ གཏེར་ཁ་འཛིན་སྐྱོང་སྒྲིག་ཁྲིམས་༡༩༩༥ ཅན་མ་དེ་ འཕྲི་སྣོན་འབད་ནིའི་དོན་ལུ་ འདས་པའི་ལོ་ཚུ་ནང་ལས་ ཐོན་ཡོདཔ་བཞིན་དུ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་༡༧ པའི་ གྲོས་ཆོད་དང་འཁྲིལ་ཏེ་ སྤྱི་ལོ་༢༠༡༦ ལུ་ བསྟན་རྒྱས་ལྷན་ཁག་གིས་ དཔྱད་ཡིག་དེ་ ཟིན་བྲིས་བཏབ་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
གལ་སྲིད་ དཔྱད་ཡིག་དེ་ འཕྲལ་མཁོ་དཔྱད་ཡིག་སྦེ་ ངོས་ལེན་འབད་བ་ཅིན་ དུས་ཚོད་ལངམ་སྦེ་ མི་འཐོབ་ནི་དང་ སྤུས་ཚད་ལུ་ཡང་ ཐོ་ཕོག་འོང་ཟེར་ཨིནམ་ད་ ད་ལྟོའི་ བཅའ་ཡིག་ནང་ ས་གཏེར་དང་ གཏེར་ཁའི་གླ་འཐུས་ཀྱི་དོན་ལུ་ དམིགས་བསལ་གྱི་ དུས་ཡུན་བཀོད་དེ་མེདཔ་ལས་ གླ་འཐུས་ཀྱི་ ཆིངས་ཡིག་དང་འཁྲིལ་ཏེ་ བཞག་དགོ་ཟེར་ ཚོགས་སྡེ་གིས་ བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *