ས་ག་ཟླ་བའི་དུས་ཆེན་ ཁྱད་པར་ཅན་ བརྩི་སྲུང་ཞུ་དགོ་པའི་གནད་ཁུངས།

༉ རང་ཟླ་བཞི་པ་ ས་ག་ཟླ་བ་དེ་ སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་ དུས་ཆེན་ཁྱད་པར་ཅན་ཅིག་འབདཝ་ལས་ རྒྱལ་ཁབ་ནང་ ཤའི་ཚོང་འབྲེལ་ཚུ་ ལག་ལེན་འཐབ་མ་ཆོག་པའི་ཁར་ ཆོས་སེམས་ཅན་གྱི་ མི་ཚུ་གིས་ ཟླཝ་འདི་ནང་ ཤ་མ་བཟའ་བར་ སྡོད་དོ་ཡོད་རུང་ དེའི་ཁུངས་དང་ དགོས་པ་ཚུ་ ལེགས་ཤོམ་སྦེ་ མི་ཤེས་དོ་ཡོདཔ་ཨིན་པས།

འདས་པའི་དྲི་བ་དྲིས་ལན་སྐབས་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་ གསུངས་མིའི་ནང་ ས་ག་ཟླ་བ་ཟེར་མི་དེ་ རྩིས་ཀྱི་ཁ་ཐུག་ལས་ འབད་བ་ཅིན་ རྒྱུ་སྐར་ས་ག་ཟླ་བ་ཨིནམ་བཞིན་དུ་ རྒྱུ་སྐར་དེ་ རང་ཟླ་༤ པའི་ཚེས་༡༥ ལུ་ ཕོག་མི་ལུ་བརྟེན་ ཟླཝ་འདི་ ས་ག་ཟླ་བ་སྦེ་ བརྩི་འཇོག་འབདཝ་ཨིན་ཟེར་ཨིན་པས།
གཙུག་ལག་སློབ་དཔོན་གྱིས་ གསུངས་མིའི་ནང་ ཟླཝ་འདི་ནང་ སངས་རྒྱས་ཀྱི་ དུས་ཆེན་ཕོག་མི་དེ་ཡང་ སངས་རྒྱས་བཅོམ་ལྡན་འདས་ དགའ་ལྡན་ལྷ་ཡུལ་ལུ་ ཡུམ་གྱི་མངལ་ནང་བྱོན་པའམ་ ལྷུམས་སུ་བཞུགས་པའི་དུས་དང་ སྐུ་བལྟམས་པའམ་འཁྲུངས་མི་ བདུད་བཏུལ་བ་ སངས་རྒྱས་པ་དང་ སྐུ་མྱ་ངན་ལས་འདས་པའི་དུས་ཚུ་ ས་ག་ཟླ་བའི་ཚེས་༡༥ ལུ་ ཕོག་མི་ལུ་བརྟེན་ དུས་ཆེན་ཁྱད་པར་ཅན་ཅིག་ཨིན་ཟེར་ཨིན་པས།
བོད་ཀྱི་རྩིས་ནང་འབད་བ་ཅིན་ དེ་ལུ་ དུས་ཆེན་གསུམ་འཛོམས་དང་ བཞི་འཛོམས་ཟེར་ བརྩི་སྲོལ་ཡོད་མི་དེ་ དུས་ཆེན་༣ འཛོམས་དེ་ རང་ཟླ་བཞི་པའི་ཚེས་༧ ལུ་ སྟོན་པ་རྫོགས་པའི་སངས་རྒྱས་སྐུ་བལྟམས་པ་དང་ ཚེས་༡༥ ལུ་ སངས་རྒྱས་པ་དང་ སྐུ་མྱ་ངན་ལས་འདས་པའི་ དུས་ཆེན་སྦེ་ བརྩིཝ་ཨིན་ཟེར་ སློབ་དཔོན་བསམ་གཏན་རྡོ་རྗེ་གིས་ གསུངསམ་ཨིན་པས།
བཀྲིས་སྒང་བཀང་ལུང་ནང་པའི་ མཐོ་རིམ་བཤད་གྲྭའི་མཁན་པོ་ ཤེས་རབ་ཕུན་ཚོགས་ཀྱིས་ བཤད་མིའི་ནང་ སེམས་ཅན་ག་ར་ རང་གི་ཕམ་ཨིནམ་བཞིན་དུ་ དེ་ཚུ་ག་ར་ ད་ལྟོའི་ཕམ་ཚུ་བཟུམ་སྦེ་ར་ དྲིན་ཅན་ཨིནམ་ལས་ བཟའ་མ་བཏུབ་མ་ཚད་ བསད་ཞིནམ་ལས་ མཆོདཔ་ཡང་ ཕུལ་མི་བཏུབ་ཟེར་ཨིན་པས།
ལྷག་པར་དུ་ ནང་པ་སངས་རྒྱས་པའི་ ཆོས་ཀྱི་སྙིང་པོ་ གཞན་ལ་མི་འཚེ་བ་ཟེར་ གཞན་ལུ་གནོདཔ་ མི་བཀལ་ནི་དེ་ འགྲུབ་ཐབས་ལུ་ ཨིན་མི་དེ་ཡང་ ཤ་བཟའ་ནིའི་དོན་ལུ་ སེམས་ཅན་ཚུ་ བསད་དགོཔ་ལས་ དེ་ཚུ་བསད་པའི་སྐབས་ ཚེ་སྲོག་ལུ་ གནོདཔ་བཀལ་དོ་ཡོད་མི་ལུ་བརྟེན་ཨིན་ཟེར་ མཁན་པོ་གིས་ བཤདཔ་ཨིན་པས།
མཁན་པོ་གིས་འབད་བ་ཅིན་ སྤྱིར་བཏར་འབྲུག་མི་ཚུ་གིས་ དུས་རྒྱུན་དུ་ ཤ་མ་བཟའ་བར་ སྡོད་ཚུགས་པ་ཅིན་ སེམས་ཅན་བསད་དགོཔ་དང་ གནོདཔ་ཡང་བཀལ་དགོཔ་ མི་འཐོན་ནི་ཨིནམ་ལས་ ཕན་ཐོགས་སྦོམ་ འབྱུང་འོང་ཟེར་ཨིན་རུང་ ཤ་བཟའ་སྤྱོད་མ་འབད་བར་ ཨ་རྟག་ར་ སྡོད་མ་ཚུགས་རུང་ ས་ག་ཟླ་བ་དང་ ཆོ་འཕྲུལ་དུས་ཆེན་ཚུ་གི་སྐབས་ ཟླཝ་༡ གི་རིང་ ཤ་མ་བཟའ་བར་ སྡོད་ཚུགས་པ་ཅིན་ ཕན་ཡོན་སྦོམ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ག་ཟླ་བའི་ དུས་ཆེན་ལྔ་འཛོམས་དེ་ སངས་རྒྱས་ཀྱི་ མཛད་པ་༡༢ ཀྱི་ནང་གསེས་ལས་ དུས་ཆེན་ཁྱད་པར་ཅན་ཅིག་ ཕོག་མི་ལུ་བརྟེན་ དུས་ཆེན་དེ་ཁར་ ཤ་བསྲུང་ཚུགས་པ་ཅིན་ སེམས་ཅན་ཚུ་ལུ་ གནོདཔ་མ་བཀལ་བར་ བྱམས་པ་དང་སྙིང་རྗེ་ཚུ་ རང་གི་རྒྱུད་ལུ་འཕེལ་བའི་ ཕན་ཡོན་དང་ ནང་པ་སངས་རྒྱས་པའི་ལྟ་བ་ ལས་རྒྱུ་འབྲས་ལུ་ གུས་བཀུར་འབད་བའི་ ཕན་ཡོན་ཚུ་ འབུམ་འགྱུར་སྦེ་ཡོད་ཟེར་ཨིན་པས།
འབྲུག་འདི་ ནང་པ་ཆོས་ལྡན་གྱི་ རྒྱལ་ཁབ་ཨིན་པའི་ཁར་ དེ་ནང་སྡོད་མི་ཚུ་ཡང་ ཆོས་སེམས་ཅན་གྱི་ མི་སེར་འབད་མི་ལུ་བརྟེན་ རབ་འབྱུང་པ་ཅིན་ ནང་པའི་ཆོས་ཀྱི་སྙིང་པོ་ གཞན་ལུ་གནོད་པ་མི་བཀལ་ནི་དེ་ཨིནམ་ལས་ མི་ཚེ་གཅིག་གི་རིང་ ཤ་མ་བཟའ་བར་ སྡོད་མ་ཚུགས་རུང་ དུས་ཆེན་དེ་ཚུའི་སྐབས་ སྤང་ཚུགས་པ་ཅིན་ ནང་པ་སངས་རྒྱས་ཀྱི་ རྗེས་འཇུག་ཨིན་པའི་ རྟགས་མཚན་ཨིན་ཟེར་ མཁན་པོ་གིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱིར་བཏང་དུས་ཆེན་ག་ར་ ཁྱད་པར་ཅན་ཨིན་མི་དེ་ཡང་ ཟླ་རིམ་བཞིན་དུ་ རང་སོའི་བླ་སྤྲུལ་དང་ རྩ་བའི་བླམ་ གོང་མ་ དེ་ལས་ སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཚུ་གི་ དུས་ཆེན་རེ་ཡོད་རུང་ ལྷག་པར་དུ་ སྟོན་པ་ཤཱཀྱ་ཐུབ་པའི་ དུས་ཆེན་ཚུ་ལས་ དང་པ་ཆོ་འཕྲུལ་དུས་ཆེན་སྐབས་ ཚེས་༡ ལས་༨ ཚུན་ བདུད་ཚུ་ག་ར་ ཚར་བཅད་དེ་ དམ་བཏགས་གནང་པའི་ཤུལ་ལས་ ཚེས་༩ ལས་༡༥ ཚུན་ ཆོ་འཕྲུལ་ལམ་ རྫུས་འཕྲུལ་ལེ་ཤ་སྟོན་ཡོདཔ་ལས་ ཉིནམ་གི་ཐད་ལས་འབད་རུང་ ལེ་ཤ་ཡོདཔ་ལས་ ཟླཝ་༡ ཤ་མ་བཟའ་བར་ སྡོད་མི་དེ་ རྒྱུ་རྐྱེན་དེ་ལུ་བརྟེན་ཨིན་ཟེར་ཨིན་པས།
སློབ་དཔོན་བསམ་གཏན་རྡོ་རྗེ་གིས་ དེ་བཟུམ་མའི་ སངས་རྒྱས་ཀྱི་ དུས་ཆེན་ཁྱད་པར་ཅན་ཚུ་གི་སྐབས་ལུ་ ལས་དགེ་བ་དང་ མི་དགེ་བ་ཚུ་ ག་ཅི་ར་འབད་རུང་ ཕན་གནོད་ཡང་ རྒྱ་ཆེ་དྲགས་སྦེ་ ཡོད་མི་དེ་ཡང་ དཔེར་ན་ དུས་གཞན་ཚུ་གི་སྐབས་ ལས་དགེ་སྡིག་འབདཝ་ད་ ཕན་གནོད་བརྒྱ་༥༠ དེ་ཅིག་ཡོད་པ་ཅིན་ དུས་ཆེན་དེ་ཚུའི་སྐབས་ལུ་ ཕན་གནོད་བརྒྱ་ཆ་ལས་བརྒྱ་སྦེ་འོང་ཟེར་ གསུངསམ་མས་ཟེར་ ཞུ་ནི་ཨིན།

བསམ་ལྗོངས་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *