ས་ཁྲམ་འགོ་དཔོན་བགྲེསཔ་ཅིག་ལུ་ གསུག་འབུལ་གྱི་ ཉེས་འཛུགས་དེ་ ཕྱིར་བཏོན་འབད་ཡོདཔ།

༉ ལོ་ངོ་༡༧ ལྷགཔ་ཅིག་གི་ཧེ་མར་ ས་ཆ་ཌིསི་༡༠ ཉོ་བཙོང་འཐབ་མི་དང་འབྲེལ་བའི་ རྩོད་དོན་ཅིག་ནང་ ས་འཇལ་དང་ ས་ཁྲམ་མདོ་ཆེན་ལས་རོགས་བགྲེསཔ་ ཚེ་དབང་རྒྱལ་མཚན་དང་ ཐིམ་ཕུག་རྟ་ལ་ཁ་ལས་ རྣམ་རྒྱལ་ལུ་ ནང་གསུག་སྤྲོད་ལེན་གྱི་ ཉེས་འཛུགས་འབད་མི་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ཟླ་༥ པའི་ཚེས་༡༠ ལུ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལས་ ཕྱིར་བཏོན་འབད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལྕང་རྒེད་འོག་གི་ རྒཔོ་བགྲེསཔ་༢ ཀྱིས་ ཧེ་མའི་ངག་བརྗོད་ཆ་མེད་ཐོག་ བློའོ་འགྱུར་ཏེ་ སླབ་པའི་ཤུལ་ལས་ རྩོད་ཟླ་༢ ལུ་ གསུག་འབུལ་གྱི་ ཉེས་འཛུགས་འབད་མི་ཚུ་ ཁྲིམས་འདུན་ལས་ ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དང་ རྩོད་དཔོན་ཡོངས་ཁྱབ་བཅའ་ཁྲིམས་ཀྱི་ དགོངས་དོན་ཚུ་དང་འཁྲིལ་ ཕྱིར་བཏོན་འབད་དགོཔ་ ཐོན་ཡི་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གཞུང་ས་ཧམ་འཛུལ་དང་ གཡོ་སྒྱུའི་ཐོག་ལས་ ཁྲམ་སྤོ་སོར་འབད་བའི་ རྩོད་དོན་ལུ་ ཞིབ་དཔྱད་རྐྱབ་མིའི་ སྙན་ཞུ་ལུ་ གཞི་བཞག་སྟེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཚེ་དབང་རྒྱལ་མཚན་ལུ་ ནང་གསུག་སྤྲོད་ལེན་དང་ ལྕང་རྒཔོ་བགྲེསཔ་༢ བརྩིས་ཏེ་ རྩོད་ཟླ་གཞན་༡༠ ལུ་ ཉེས་འཛུགས་འབད་དེ་ ན་ཧིང་ སྤྱི་ཟླ་༦ པའི་ཚེས་༡༩ ལུ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཡོདཔ་ཨིན་པས།
ཞིབ་དཔྱད་སྙན་ཞུ་དེ་ སྤྱི་ལོ་༢༠༡༦ ཟླ་༦ པའི་ནང་ ཉེས་བཤེར་གྱི་དོན་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་མི་དེ་ནང་ ཚེ་དབང་རྒྱལ་མཚན་དང་ རྣམ་རྒྱལ་ལུ་ ས་ཆ་ཌིསི་༡༠ ནང་གསུག་སྤྲོད་ལེན་འབད་བའི་ ཉེས་འཛུགས་འབད་ནུག།
ཚེ་འདས་ཨ་ནེ་ནོར་འཛོམས་ཀྱི་ ས་ཁྲམ་སྤོ་སོར།
ལྕང་རྒེད་འོག་ རྟ་ལ་ཁ་ལས་ ཚེ་འདས་ཨ་ནེ་ནོར་འཛོམས་དེ་ གནམ་ལོ་ནམ་གྱོངས་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས་རུང་མོ་གི་མིང་ཐོ་ཁར་ ས་ཆ་ཌིསི་༤༩ ཡོདཔ་ ངེས་བདེན་ཨིན་པའི་ མངོན་གསལ་བྱུང་ཡོདཔ་ད་ ཚེ་འདས་ཀྱི་ཤུལ་ལུས་ ཉེ་ཚན་ག་ཡང་མེདཔ་ལས་ སའི་བཅའ་ཁྲིམས་༡༩༧༩ ཅན་མ་དང་འཁྲིལ་ རྩ་སྟོང་སྦེ་ བརྩི་འཇོག་ཐོག་ལས་ རྒྱལ་ཁམས་ཀྱི་ ས་ཆ་ལུ་ བསྒྱུར་བཅོས་འབད་དགོཔ་ཨིན་རུང་ རྣམ་རྒྱལ་གྱིས་ ཚེ་འདས་ཨ་ནེ་ནོར་འཛོམས་ཀྱི་ རྨགཔ་གྱོངས་མི་ མཁའ་འགྲོ་གི་ ཚ་བོ་ཨིནམ་སྦེ་བཟོ་སྟེ་ ས་ཆའི་བདག་དབང་གི་ ཐོབ་བརྗོད་བཀོད་ནུག་ཟེར་ རྩོད་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ རྒཔོ་བགྲེསཔ་གནག་ཀུ་གི་ ལམ་སྟོན་ཐོག་ལུ་ རྣམ་རྒྱལ་གྱིས་ ས་ཌིསི་༤༩ འབད་མི་དེ་ རྟ་ལ་ཁ་ལས་ ཚ་ལུམ་མ་འཕེལ་ལུ་ སྤོ་བཤུད་ཐོག་ དཔྱ་བགོ་རྐྱབ་སྟེ་ ཁོ་ར་ལུ་ ས་ཌིསི་༡༠ བཞག་པའི་ཁར་ ཁོ་རའི་གནས་ཚང་གི་ཨ་པ་ ལྕང་རྒཔོ་བགྲེསཔ་ དཀོན་མཆོག་ལུ་ ཌིསི་༢༠ བྱིན་ཡོདཔ་མ་ཚད་ ས་ཌིསི་༡༠ ཚེ་དབང་རྒྱལ་མཚན་གྱི་གནས་ཚང་ བདེ་ཆེན་གཡུ་སྒྲོན་དང་ ཌིསི་༩ དབང་འདུས་ཟེར་མི་ལུ་ བཙོང་ཡོདཔ་བཞིན་དུ་ ས་ཚན་ཚུ་གི་ བདག་དབང་ཁྲམ་ཚུ་ཡང་ སྤྱི་ལོ་༢༠༠༡ ལུ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་བརྒྱུད་དེ་ སྤོ་སོར་འབད་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༡༩༩༩ དང་༢༠༠༠ གི་བར་ན་ ཚེ་དབང་རྒྱལ་མཚན་གྱིས་ ལྕང་རྒཔོ་བགྲེསཔ་ དཀོན་མཆོག་དང་ གནག་ཀུ་ལུ་ བར་སྦིས་སའི་ ས་ཁོངས་ནང་ལས་ ས་ཚན་ཅིག་ བཙོང་མི་རེ་ཡོད་པ་ཅིན་ འཚོལ་གནང་ཟེར་ སླབ་ཡོདཔ་ད་ སྤྱི་ལོ་༢༠༠༡ ལུ་ རྣམ་རྒྱལ་གྱི་ ས་དེ་ ཚེ་དབང་རྒྱལ་མཚན་ལུ་བཙོང་ནུག།
མ་གཞི་ གནག་ཀུ་དང་ རྣམ་རྒྱལ་གྱིས་ ཚེ་དབང་རྒྱལ་མཚན་ལུ་ ས་ཌིསི་༡༠ ལུ་ རིན་གོང་དངུལ་ཀྲམ་༣༠,༠༠༠ སྦེ་བཙོང་སྟེ་ ཏི་རུ་ཡང་ གནག་ཀུ་བརྒྱུད་དེ་ སྤྲོད་རིམ་༣ གྱི་ཐོག་ལུ་ སྤྲོད་ཡོད་རུང་ ཚེ་འདས་ནོར་འཛོམས་ཀྱི་ཚམོ་ཨིན་ཟེར་སླབ་སྟེ་ བདེ་ཆེན་གཡུ་སྒྲོན་གྱི་མིང་ཐོ་ཁར་ རིང་མེད་སྟོང་པར་སྦེ་ བྱིན་ཡོད་པའི་གྲངས་སུ་ བཟོ་ཡོདཔ་ད་ ཁྲམ་སྤོ་སོར་གྱི་ ཡིག་ཆ་ཚུ་ཡང་ རྣམ་རྒྱལ་དང་ གནག་ཀུ་གིས་ བཟོ་ཞིནམ་ལས་ བདེ་ཆེན་གཡུ་སྒྲོན་དེ་ ཁྲིམས་ཀྱི་འདུན་སར་ ཡིག་ཆ་གུ་ མིང་རྟགས་བཀོད་ནིའི་དོན་ལུ་རྐྱངམ་གཅིག་ འབོ་ནུག་ཟེར་ཨིན་པས།
ཁྲམ་སྤོ་སོར་གྱི་ བྱ་རིམ་སྐབས་ གནག་ཀུ་གིས་ ས་ཆའི་ས་ཁོངས་དེ་ ས་འཇལ་བ་ལུ་ གསལ་སྟོན་འབད་ནུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོདཔ་ད་ ས་ཁོངས་འཇལ་བའི་སྐབས་ ཚེ་དབང་རྒྱལ་མཚན་དེ་ རྫོང་ཁག་གཞན་ཚུ་ནང་ ས་འཇལ་གྱི་ སྒྲིག་གཡོག་ནང་ སོང་ཡོདཔ་མ་ཚད་ ཁོ་གི་གནས་ཚང་ཡང་ མ་འོང་པས། དེ་བསྒང་ ས་འཇལ་ས་ཁྲ་མེད་མི་ལུ་བརྟེན་ ས་འཇལ་པ་ཚུ་གིས་ ས་གནས་གཞུང་གི་ འགོ་ཁྲིདཔ་གིས་ ས་ཁོངས་གསལ་སྟོན་འབད་མི་ལུ་ ཆ་བཞག་ཡོདཔ་ཨིན་པས།
གཙུག་སྡེ་༢ ཀྱི་ ཞིབ་དཔྱད་དང་ བསྐྱར་ཞིབ་སྙན་ཞུ།
ལྷན་ཚོགས་ཀྱི་ ཞིབ་དཔྱད་སྐབས་ ཚེ་འདས་ཨ་ནེ་ནོར་འཛོམས་དང་ ཚེ་འདས་མཁའ་འགྲོ་ རྣམ་རྒྱལ་གསུམ་གྱི་བར་ན་ འབྲེལ་གནད་བལྟ་དགོ་པའི་སྐོར་ ལོ་རྒྱུས་མ་ཐོན་པས། དེ་འབདཝ་ལས་ ས་ཆ་ཉོ་བཙོང་དང་ ཁྲམ་སྤོ་སོར་འབད་མི་ཚུ་ གཡོ་སྒྱུའི་བྱ་ངན་ཨིནམ་སྦེ་ ལྷན་ཚོགས་ཀྱི་ སྙན་ཞུ་ནང་ བཀོད་ཡོདཔ་བཞིན་དུ་ གནད་དོན་དེ་གི་ཐོག་ལས་ ད་ལྟོ་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་བའི་བསྒང་ཡོད་ཟེར་ རྩོད་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཚེ་དབང་རྒྱལ་མཚན་གྱིས་ ལྷན་ཚོགས་ལུ་ ངག་བརྗོད་བྱིན་མིའི་ནང་ ས་རིན་དངུལ་ཀྲམ༣༠,༠༠༠ རྒཔོ་བགྲེསཔ་གནག་ཀུ་བརྒྱུད་དེ་ སྤྲོད་རིམ་གསུམ་སྦེ་ སྤྲོད་ཡོདཔ་སྦེ་ བཀོད་ཡོད་རུང་ གནག་ཀུ་དང་ རྣམ་རྒྱལ་གྱིས་ ས་རིན་ཐོབ་ཐོབ་མེདཔ་སྦེ་ སླབ་ཡོདཔ་ད་ ཤུལ་ལས་ ས་ཆའི་ཚད་གཞི་དེ་ཡང་ ཡར་སེང་སོང་ཡོད་མི་ལུ་བརྟེན་ ལྷན་ཚོགས་ཀྱིས་ རྣམ་རྒྱལ་དང་ ཚེ་དབང་རྒྱལ་མཚན་ལུ་ རྒྱལ་ཁམས་ཀྱི་ས་ཆ་ ཧམ་འཛུལ་འབད་བའི་ ཉེས་འཛུགས་འབད་དགོ་པའི་ གྲོས་འཆར་བཀོད་ནུག།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ཡང་ གནག་ཀུ་དང་ རྣམ་རྒྱལ་གཉིས་ཆ་ར་གིས་ ཚེ་དབང་རྒྱལ་མཚན་ལས་ ས་ཌིསི་༡༠ གྱི་ རིན་དངུལ་ཐོབ་ཡོད་པའི་ ངོས་ལེན་འབད་མ་བཏུབ་མི་ལུ་བརྟེན་ ས་ཆ་ཉོ་བཙོང་འཐབ་མི་དེ་ གསུག་འབུལ་ཨིན་པའི་ ཡིད་ཆེས་འདྲོངསམ་ལས་ རྒཔོ་བགྲེསཔ་༢ དང་ བདེ་ཆེན་གཡུ་སྒྲོན་ཚུ་ལུ་ ཉེས་འཛུགས་གཞན་འབདཝ་དང་གཅིག་ཁར་ ཚེ་དབང་རྒྱལ་མཚན་དང་ རྣམ་རྒྱལ་ལུ་ ནང་གསུག་སྤྲོད་ལེན་གྱི་ ཉེས་འཛུགས་བཀལ་ནུག།
དེ་འབདཝ་ད་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་སྐབས་ གནག་ཀུ་དང་ རྣམ་རྒྱལ་གྱིས་ ཧེ་མར་ ངག་བརྗོད་བྱིན་མི་ཚུ་ བསྒྱུར་བཅོས་འབད་དེ་ ཚེ་དབང་རྒྱལ་མཚན་ལས་ སྤྲོད་རིམ་གསུམ་སྦེ་ ས་རིན་ཚངམ་སྦེ་ ཐོབ་ཅི་ཟེར་ ཞུ་ཡོདཔ་ད་ རྒཔོ་བགྲེསཔ་དཀོན་མཆོག་གིས་ཡང་ ཧེ་མ་སླབ་མི་ལས་ བློའོ་འགྱུར་ཏེ་ ཚེ་དབང་རྒྱལ་མཚན་གྱིས་ ས་ཌིསི་༡༠ གྱི་རིན་དངུལ་དེ་ གནག་ཀུ་བརྒྱུད་དེ་ རྣམ་རྒྱལ་ལུ་སྤྲོད་སར་ མཐོང་ཡོདཔ་སྦེ་ ཞུ་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ ཤེས་ར་ལྷུན་གྲུབ་ཀྱིས་ བཤད་མིའི་ནང་ རྩོད་གཞི་ཕྱི་སེལ་སྡེ་ཚན་གྱིས་ གནད་དོན་བསྒྱུར་བཅོས་སོང་མི་ཚུ་ལུ་ བསྐྱར་ཞིབ་འབད་བའི་ཤུལ་ལས་ ནང་གསུག་སྤྲོད་ལེན་གྱི་ ཉེས་འཛུགས་དེ་ ཕྱིར་བཏོན་འབད་ནི་སྦེ་ ཐག་བཏོག་ཅི་ཟེར་ཨིནམ་ད་ ཉེས་འཛུགས་གཞན་ཚུ་ལུ་ འགྱུར་ལྡོག་མེདཔ་ལས་ འཕྲོ་མཐུད་དེ་ར་ ཉེས་བཤེར་འབད་འོང་ཟེར་ བཤདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཀྱིས་འབད་བ་ཅིན་ ཚེ་དབང་རྒྱལ་མཚན་གྱི་ གནས་ཚང་དེ་ མོ་གི་མིང་ཐོ་ཁར་ ས་ཁྲམ་སྤོ་སོར་གྱི་ ཡིག་ཆ་བཟོ་མི་ནང་ འབྲེལ་གཏོགས་འབད་མི་ཅིག་འབདཝ་ལས་ མོ་ལུ་ རྒྱལ་ཁམས་ཀྱི་ ས་ཆ་བདག་བཟུང་ཐོག་ གཡོ་སྒྱུའི་ཐོག་ལས་ ཉོ་བཙོང་འཐབ་པའི་ ཉེས་འཛུགས་འབད་དེ་ཡོད་ཟེར་ཨིན་པས།
ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༠ ཟླ་༡༡ པའི་ཚེས་༢༠ ལུ་ ས་ཁོངས་ནང་ ས་འཇལ་བའི་སྐབས་ ཚེ་དབང་རྒྱལ་མཚན་གྱི་ ས་ཌིསི་༡༠ དེ་ ཌིསི་༡༦ ཐེབས་འཇལ་ཏེ་ ཌིསི་༢༦ ལུ་ ཡར་སེང་སོང་མི་དེ་ རྒཔོ་བགྲེསཔ་གནག་ཀུ་ལུ་ དངུལ་ཀྲམ་ས་ཡ་༡.༣༧༨ སྦེ་ བཙོང་པའི་ཤུལ་ལས་ ཚེ་དབང་རྒྱལ་མཚན་གྱི་ གནས་ཚང་གི་ མིང་ཐོ་ཁར་ སྒེར་འཁོར་པ་ར་ཌོ་ཅིག་ མཁོ་སྒྲུབ་འབད་མི་དེ་ སྤྱི་ལོ་༢༠༡༤ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འཕྱོག་བཟུང་འབད་དེ་ བཞག་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *