ས་ཁ་མཐོ་སར་ གོང་འཕེལ་ཁག་ཆེ་ནི།

༉ བདུན་ཕྲག་འདི་གི་ རེས་གཟའ་ཕུར་བུ་ལུ་ རྒྱལ་ས་ལྟེ་བ་ལུ་ གཞུང་དང་གཅིག་ཁར་ གྲོས་བསྟུན་ཞལ་འཛོམས་ འགོ་དང་པ་ འཚོགས་པའི་སྐབས་ རྫོང་ཁག་༡༠ ལས་ ས་ཁ་མཐོ་སར་སྡོད་མི་ འཐུས་ཚབ་༣༥༠ ལྷགཔ་ཅིག་གིས་ ལོ་ལྔའི་འཆར་གཞི་༡༢ པའི་ནང་ ལ་མཐོ་སའི་ མི་སྡེ་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནིའི་དོན་ལུ་ གཙོ་རིམ་བཟུང་དགོ་པའི་ ལས་སྣ་ཚུ་ གཞུང་ལུ་ ཕུལ་ཡོདཔ་ཨིན།
ཁོང་གིས་ གཞུང་ལུ་ གྲོས་འདེབས་ཕུལ་མི་ གཙོ་རིམ་ཚུ་ ད་རེས་ནངས་པར་ ས་ཁ་མཐོ་སའི་ མི་སྡེ་ཚུ་གི་ འཚོ་བའི་གནས་སྟངས་ བསྒྱུར་བཅོས་སོང་པའི་ ནམ་དུས་ལུ་ འབྲེལ་གནད་སྦོམ་ཡོད་པའི་ མཐོང་སྣང་བྱུངམ་མས།
མི་སྡེ་ཚུ་གིས་ ཁོང་གི་ ས་ཁོངས་ཚུ་ནང་ སློབ་གྲྭ་དང་ གཞི་རྟེན་སྨན་ཁང་ཚུ་ རྒྱ་སྐྱེད་དང་ མཐུན་རྐྱེན་ཚུ་ ཡར་དྲག་གཏང་དགོ་པའི་ ཞུ་བ་ཕུལ་ཡོདཔ་བཞིན་དུ་ ཁོང་གི་དོན་ལུ་ སྒོ་ནོར་ཚུ་ལུ་ རྒུད་འཐུས་སྤྲོད་དགོཔ་དང་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་ནི་གི་ ཁྲིམས་ལུགས་དམ་སྒྲིང་དགོ་ནི་ དེ་ལས་ སློབ་གྲྭ་ཚུ་ནང་ ཉམས་མྱོང་ཅན་གྱི་ སློབ་དཔོན་ཚུ་ གཏང་དགོཔ་དེ་ ག་ནི་བ་ གལ་གནད་ཅན་ཅིག་ཨིན་མས།
ས་ཁ་མཐོ་སར་སྡོད་མི་ མི་སྡེ་ཚུ་གི་ ས་ཁོངས་དེ་ སྲུང་སྐྱོབ་འབད་དེ་ཡོད་པའི་ གླིང་ཁ་༤ འི་ས་ཁོངས་ནང་ ཚུད་ཡོདཔ་ལས་ འགྲོ་བ་མི་དང་ རི་དྭགས་སེམས་ཅན་གྱི་ བྲེལ་ཟིང་དེ་ གདོང་ལེན་ཅན་ཅིག་ཨིནམ་ད་ མི་སྡེ་དེ་ཚུ་ འཚོ་བ་གཡག་དང་ ལུག་ཚུ་ལུ་ བརྟེན་སྡོདཔ་ཨིན་རུང་ ད་རེས་ནངས་པར་ འཕརཝ་ལ་སོགས་པའི་ གཅན་གཟན་ཚུ་གིས་ གནོདཔ་བཀལ་མི་ལུ་བརྟེན་ གཡག་དང་ལུག་གི་ གྱངས་ཁ་དེ་ མར་བབས་སོང་ཡོདཔ་ལས་ གཞུང་གིས་ ཐབས་ཤེས་བཏོན་གནང་དགོཔ་འདུག་ཟེར་ ཡང་བསྐྱར་དུ་ གསོལ་ཞུ་འབད་འབད་དེ་ཡོདཔ་ཨིན།
ད་རུང་ ལ་ཁར་སྡོད་མི་ཚུ་ ལ་ནོར་དང་གཅིག་ཁར་ གནས་སྤོ་འགྱོ་མི་དེ་གིས་ཡང་ ཁོང་རའི་ཨ་ལོ་ཚུ་གི་ ཤེས་ཡོན་ལུ་ ཐོ་ཕོག་སྟེ་ཡོདཔ་ད་ དཀའ་ངལ་འདི་ སེལ་ཐབས་ལུ་ ནང་སྡོད་མཐུན་རྐྱེན་ཡོད་པའི་ ཆེ་རིམ་སློབ་གྲྭ་སྦེ་ བསྒྱུར་བཅོས་འབད་བ་ཅིན་ ཕན་ཁྱད་འབྱུང་ནི་བཟུམ་མཐོངམ་མས།
འདི་བཟུམ་སྦེ་ ས་ཁོངས་དེ་ཚུ་ནང་ གསོ་བའི་མཐུན་རྐྱེན་ལེགས་ལྡན་མེདཔ་ལས་ གཟུགས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ དཀའ་ངལ་བྱུངམ་ད་ ཉེ་འདབས་ཀྱི་ སྨན་ཁང་ཚུ་ནང་ འགྱོ་ནི་དེ་ ཉེན་ཁ་ཅན་དང་ ལཱ་ཁག་ཡོདཔ་ལས་ དེ་ཚུ་ཡང་ ཁོང་གིས་ གྲོས་འདེབས་ཕུལ་དོ་བཟུམ་ གསོ་བའི་མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནི་དེ་ཁག་ཆེ།
མ་གཞི་ གཞུང་གི་ཁ་ཐུག་ལས་ ས་ཁ་མཐོ་སར་ཡོད་མི་ སློབ་གྲྭ་ཚུ་ རྒྱ་སྐྱེད་འབད་ནི་གི་ འཆར་གཞི་ཡོད་མིའི་ནང་ལས་ སློབ་གྲྭ་༡༦ ལུ་ སློབ་གྲྭ་ལྟེ་བ་ཚུ་ནང་ མཁོ་སྤྲོད་འབད་མི་ མཐུན་རྐྱེན་ཚུ་ གནང་ནི་ཨིན་མས།
གསོ་བའི་ཐད་ལུ་ འབྲུག་གི་གསོ་བའི་ཞབས་ཏོག་གིས་ བརྒྱ་ཆ་༩༥ ལུ་ ཁྱབ་ཚུགས་མི་དེ་ བསྟོད་པར་འོས་པའི་ གྲུབ་འབྲས་ཅིག་ཨིན་རུང་ ས་ཁ་མཐོ་སའི་ མི་སྡེ་ཚུ་གི་དོན་ལུ་ གསོ་བའི་མཐུན་རྐྱེན་གྱི་ ཁྱབ་ཚད་རྩ་བརྟན་བཟོ་དགོཔ་ ཡོདཔ་བཞིན་དུ་ གནད་དེ་ཚུ་ལུ་ གཙོ་རིམ་བཟུང་དགོཔ་ཨིན་མས།
ང་བཅས་ཀྱིས་ འཆར་གཞི་༡༢ པའི་ནང་ ས་ཁ་མཐོ་སར་སྡོད་མི་ མི་སྡེ་ཚུ་གི་ གོང་འཕེལ་ལས་སྣ་ཚུ་ལུ་ གཙོ་རིམ་བཟུང་མ་ཚུགས་པ་ཅིན་ ང་བཅས་ཀྱི་ འཆར་གཞི་ལས་རིམ་ཚུ་ བསྐྱར་བཟོ་ཐོག་ ལག་ལེན་འཐབ་ནི་ལུ་ ཕྱིར་འགྱངས་ལུས་ནི་གི་ ཉེན་ཁ་ཡོད།
ག་འཆརཔ་ཟེར་བ་ཅིན་ རྒྱལ་ཁབ་ཀྱི་ ས་གནས་གཞན་བཟུམ་སྦེ་ར་ ས་ཁ་མཐོ་སར་སྡོད་མི་ཚུ་ལུ་ཡང་ མི་དེ་ཚུ་ ཁྲོམ་སྡེ་ཚུ་ནང་ གནས་སྤོ་འགྱོ་བའི་ གདོང་ལེན་སྦོམ་ཅིག་ལུ་ གྱུར་དོ་ཡོད་པའི་ མངོན་གསལ་བྱུངམ་བཞིན་དུ་ གལ་སྲིད་ ས་ཁོངས་དེ་ཚུ་ནང་ གོང་འཕེལ་ལས་སྣ་ཚུ་ལུ་ ཤུགས་མ་བཏོན་པ་ཅིན་ ཁོང་ཡང་ བྱ་ཐབས་མེད་པར་ རང་སོའི་ཁྱིམ་ བཤོལ་བཞག་སྟེ་ ཁྲོམ་སྡེ་ཚུ་ནང་ གནས་སྤོ་འོང་ནི་གི་ ཉེན་ཁ་སྦོམ་ཡོདཔ་ཨིན།
བློན་ཆེན་གྱིས་ གསུངས་དོ་བཟུམ་ བྱང་ཕྱོགས་ཀྱི་ ས་མཚམས་ཚུ་ནང་སྡོད་མི་ མི་སྡེ་ཚུ་ལུ་ འབྲུག་གི་ས་མཚམས་བདའ་སྟེ་ ཉེན་སྲུང་བཞག་ནི་གི་ འགན་ཁུར་རྩ་ཅན་ ཕོག་སྟེ་ཡོདཔ་ལས་ ཁོང་གི་ འཚོ་སྐྱོང་དང་ ལམ་སྲོལ་གོང་འཕེལ་གཏང་དགོཔ་དེ་ གལ་ཆེ་ཟེར་ ཞུ་ནི་ཨིན།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *