ཤེས་རིག་སྡེ་ཚན་གྱི་དོན་ལུ་ ལྕགས་ཕོ་བྱི་ལོ་འདི་ གདོང་ལེན་ཅན་ཅིག་ཨིནམ།

༉ གནམ་ལོ་ལྕགས་ཕོ་བྱི་ལོ་ནང་ ཤེས་རིག་སྡེ་ཚན་གྱི་དོན་ལུ་ ནམ་ཡང་བརྗེད་མ་ཚུགས་པའི་ ལོ་ཅིག་སྦེ་ གནས་ནི་ཨིན་པས།

ནད་ཡམས་ཀོ་བིཌ་-༡༩ གིས་ ཤེས་རིག་ཡོན་ཏན་ལུ་ བར་ཆད་སྦོམ་སྦེ་ རྐྱབ་ཡོདཔ་ད་ དེ་བསྒང་ གཞུང་དང་ ཤེས་རིག་ལྷན་ཁག་ སློབ་གྲྭ་དང་ སློབ་དཔོན་ཚུ་ ནད་ཡམས་ཀྱི་ གདོང་ལེན་ལུ་ གྲ་སྒྲིག་ག་ནི་ཡང་ མ་སྡོད་པའི་ཁར་ སློབ་ཕྲུག་ཚུ་གིས་ཡང་ ཤེས་ཡོན་སྦྱང་མ་ཚུགས་པས།

རྒྱལ་ཁབ་ནང་ ནད་ཡམས་དེ་ཡང་ ན་ཧིང་ སྤྱི་ཟླ་༣ པའི་ནང་ ཐོན་པའི་ཤུལ་ལས་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་ལུ་ ཐིམ་ཕུག་དང་ སྤུ་ན་ཁ་ དེ་ལས་ སྤ་རོའི་སློབ་གྲྭ་ཚུ་ སྒོ་བསྡམས་ཡོདཔ་ད་ གནད་དོན་དེ་ལུ་བརྟེན་ གཞུང་གིས་ སྤྱི་ཟླ་༣ པ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་ བློ་གསར་སློབ་རིམ་ལས་ སློབ་རིམ་༨ པའི་ སློབ་ཕྲུག་ཚུ་གི་ སློབ་གྲྭ་སྒོ་བསྡམས་ བཞག་དགོཔ་བྱུང་ཡི།

སློབ་ཕྲུག་ཚུ་ལུ་ སློབ་གྲྭ་ནང་ འོང་མ་ཚུགས་པར་ ཤེས་རིག་ལྷན་ཁག་གིས་ ཨ་ལོ་ཚུ་ འབྲེལ་འཛིན་སྦེ་ བཞག་ཐབས་ལུ་ ཡོངས་འབྲེལ་ཐོག་ལས་ སློབ་སྟོན་འབད་ནི་ འགོ་བཙུགས་ཡོདཔ་ད་ ཡོངས་འབྲེལ་དང་ མཐུན་རྐྱེན་གཞན་མེད་མི་ སློབ་ཕྲུག་ཚུ་གི་དོན་ལུ་ ལྷན་ཁག་གིས་ རང་ཉིད་སློབ་སྟོན་གྱི་ མཁོ་ཆས་ཚུ་ བཀྲམ་སྤེལ་འབད་དེ་ འབྲེལ་ཡོད་སློབ་དཔོན་ཚུ་གིས་ སློབ་ཕྲུག་འབད་སར་བསྐྱལ་ཡི།

སློབ་ཕྲུག་༢༠,༠༠༠ ལྷགཔ་ཅིག་ལུ་ རྒྱང་མཐོང་གི་ ཞབས་ཏོག་མེད་མི་ཚུ་ཡང་ མང་ཤོས་ར་ མཐའ་ཟུར་ནང་ སྡོད་མི་ཚུ་ཨིནམ་ལས་ རང་ཉིད་སློབ་སྟོན་མཁོ་ཆས་ཚུ་ པར་སྐྲུན་ཐོག་ བགོ་བཀྲམ་འབད་ཡོདཔ་ད་ གལ་སྲིད་ ནད་ཡམས་དེ་ མ་ཐོན་པ་ཅིན་ ཤེས་རིག་ནང་ དེ་བཟུམ་མི་ ལམ་ལུགས་འགོ་བཙུགས་ནི་ལུ་ ལོ་ངོ་བཅུ་ཕྲག་ལས་ལྷགཔ་སྦེ་ འགོར་ནི་ཨིན་པས།

མ་གཞི་ གཞུང་གིས་ སློབ་རིམ་༩-༡༢ པ་ཚུན་གྱི་ སློབ་གྲྭ་ཚུ་ སྒོ་ཕྱེ་བཞག་ཡོད་རུང་ ནད་ཡམས་ལུ་བརྟེན་ འགྲུལ་སྐྱོད་བཀག་དམ་འབད་དགོཔ་ བྱུང་མི་ལུ་བརྟེན་ སློབ་ཕྲུག་ཚུ་གིས་ ཤེས་ཡོན་ལེགས་ཤོམ་སྦེ་ སྦྱང་མ་ཚུགསཔ་ཨིན་པས།

གཞུང་གིས་ བློ་གསར་ལས་ སློབ་རིམ་༨ པའི་ ཨ་ལོ་ཚུ་ཡང་ ཡོངས་འབྲེལ་ཐོག་ལས་ ལཱ་བྱིན་མི་ཚུ་ འབད་ཡོད་མེད་བརྟག་ཞིབ་འབད་དེ་ སློབ་ཕྲུག་ག་ར་ མཐར་འཁྱོལཝ་སྦེ་ བཟོ་ནི་ལུ་ ཐག་བཅད་ཡོདཔ་ད་ ནད་ཡམས་སྐབས་ སློབ་ཕྲུག་ཚུ་ལུ་ ཡོངས་འབྲེལ་ཐོག་ལས་ སློབ་སྟོན་འབད་དེ་ རྒྱལ་རབས་ཅན་གྱི་ གནས་སྟངས་ཅིག་ལུ་ གྱུར་ནུག།

བྱི་ལོ་ནང་ ནད་ཡམས་ལུ་བརྟེན་ སློབ་ཕྲུག་༧༩༠ དེ་ཅིག་གིས་ ཤེས་ཡོན་སྦྱང་ནི་གི་ གོ་སྐབས་མ་ཐོབ་པར་ཡོད་རུང་ གཞུང་གིས་ འཕྲོ་མཐུད་ལྷབ་ནི་གི་ དང་འདོད་ཡོད་པ་ཅིན་ གོ་སྐབས་བྱིན་དགོཔ་སྦེ་ ཐག་བཅད་དེ་འདུག།

མ་གཞི་ སློབ་རིམ་༩-༡༢ པའི་ སློབ་ཕྲུག་ཚུ་ གཞུང་དང་ སློབ་གྲྭའི་ཆོས་རྒྱུགས་ཚུ་ རྐྱབ་ཚར་ཏེ་ ཤུལ་མའི་ སློབ་དུས་འགོ་བཙུགས་དགོཔ་ཅིག་ཨིན་རུང་ ད་རེས་ ཆོས་རྒྱུགས་ཚུ་ རྐྱབ་མ་ཚུགས་པར་ཡོདཔ་ཨིན་པས།

ཤེས་རིག་སྡེ་ཚན་ནང་ ཨ་ལོ་ལོ་ཚད་༥ ལང་མི་ཚུ་ལུ་ སློབ་གྲྭ་ནང་ འཛུལ་ཞུགས་འབད་ནིའི་ གོ་སྐབས་བྱིན་ཏེ་ ལོ་དེ་ ལེགས་ཤོམ་སྦེ་ འགོ་བཙུགས་ཡོད་རུང་ ནད་ཡམས་ལུ་བརྟེན་ ཨ་ལོ་ཚུ་གིས་ ཤེས་ཡོན་ལྷབ་སྦྱང་འབད་མ་ཚུགས་པར་ ཡོངས་འབྲེལ་ཐོག་ལས་ ལྷབ་དགོཔ་བྱུང་ནུག། 

དེ་བཟུམ་སྦེ་ གཞུང་གིས་ སློབ་ཕྲུག་ཚུ་གི་ ལྟོ་ཕོགས་ཀྱི་འཐུས་ ཡར་སེང་འབད་ཡོད་རུང་ ཨ་ལོ་ཚུ་གི་ སློབ་གྲྭ་ནང་ ལྟོ་དུས་འཕོ་ཅིག་ཡང་ བཟའ་མ་ཚུགསཔ་ཨིན་པས།

ལོ་མཇུག་བསྡུ་ཁམས་ལུ་ ཤེས་རིག་གཞི་བསྒྱུར་འབད་ནི་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཤེས་རིག་ལམ་ལུགས་ ལེགས་བསྒྱུར་འབད་དགོ་པའི་ བཀའ་ཤོག་གནང་མི་དེ་ ན་གཞོན་དང་ མི་སེར་ མ་འོངས་པའི་མི་རབས་ དེ་ལས་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་དམིགས་ཏེ་ མི་སེར་ལུ་ བཀའ་ཤོག་གནང་ཡི།

དེ་འབདཝ་ལས་ ད་ལས་ཕར་ ཤེས་རིག་ལྷན་ཁག་གིས་ སེམས་དྲནམ་བཏོན་ཏེ་ ཤེས་རིག་ལམ་ལུགས་ རྩ་བརྟན་བཟོ་ནི་ལུ་ ཕྱག་ལཱ་ཚུ་ རྩ་འགེངས་ཏེ་ འབད་དགོཔ་ཨིན་པས།

ནད་ཡམས་དེ་ མ་ཞི་རུང་ གཞུང་གིས་ དུས་ཅི་ སློབ་གྲྭ་ཚུ་ ཨ་རྟག་གི་ དུས་ཚོད་ཁར་ ལོག་སྒོ་ཕྱེ་ཡོདཔ་བཞིན་དུ་ གླང་ལོ་འདི་ནང་ ཤེས་རིག་གཙོ་རིམ་གྱི་ ལས་སྣ་འོང་ནི་ཨིནམ་ལས་ ཤེས་རིག་ལས་ཚན་ཚུ་ འདུ་འཛི་ཅན་སྦེ་ སྡོད་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *