ཤེས་རིག་ལྷན་ཁག་གིས་ རྒྱལ་ཡོངས་ཚོགས་སྡེ་ལུ་ ལན་གསལ་ཕུལ་མ་ཚུགས་པའི་ དོགས་གསལ།

༉ ཤེས་རིག་ལྷན་ཁག་གིས་ རྒྱལ་ཡོངས་ཚོགས་སྡེ་ལུ་ བརྩི་བཀུར་དང་ གུས་ཞབས་མེད་མི་ལུ་བརྟེན་ འདས་པའི་ཚོགས་ཐེངས་ནང་ དྲི་བ་བཀོད་པའི་ལན་ཚུ་ མ་ཕུལཝ་ཨིན་ན་དང་ ག་དེ་སྦེ་ འཛག་ལུས་ཤོར་སོཔ་ཨིན་ན་ ཚ་གྱང་ཡོད་ལུགས་སྐོར་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་གིས་ ཤེས་རིག་བློན་པོ་ལུ་ ཞུ་ཡི།

ཁ་ཙ་ ཚོགས་སྡེའི་ནང་ མོང་སྒར་འཐུས་མི་ བསོད་ནམས་དཔལ་འཛོམས་ཀྱིས་ སེམས་ཁམས་འཕྲོད་བསྟེན་དང་ རང་སྲོག་རང་གིས་བཅད་པའི་གནད་དོན་གུ་ བསྐྱར་ཞིབ་སྙན་ཞུ་དེ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་༢༨ པའི་ནང་ གྲོས་བསྡུར་ཐོག་ བསྐྱར་ཞིབ་གསུང་གྲོས་གནང་ཞིནམ་ལས་ མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གིས་ འབྲེལ་ཡོད་ལས་སྡེ་ལུ་ གྲོས་འདེབས་ཁག་དག་པ་ཅིག་ ཕུལ་ཡི་ཟེར་ ཞུ་ཡི།

སྤྱི་ལོ་༢༠༢༡ ཟླ་༡༢ པའི་ཚེས་༢༧ ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་༢༨ པའི་ནང་ གྲོས་ཆོད་བཏོན་ཞིནམ་ལས་ གཞུང་ལུ་ གྲོས་འདེབས་ཁག་༩ ཕུལ་མི་ལས་ གྲོས་འདེབས་ཁག་༤ ཤེས་རིག་ལྷན་ཁག་ལུ་ ཕུལ་ཡི་ཟེར་ཨིན་པས།

སློབ་ཕྲུག་ན་གཞོན་དང་ ཐད་ཀར་དུ་ འབྲེལ་བ་ཡོད་པའི་གཙུག་སྡེ་དེ་ ཤེས་རིག་ལྷན་ཁག་འབདཝ་ལས་ གྲོས་འདེབས་ཕུལ་མི་ཚུ་ དེ་འཕྲོ་ལས་ ཡང་ཅིན་ འཕྲལ་མགྱོགས་སྦེ་ ལྷན་ཁག་གིས་ ཚོགས་ཁང་གི་ལམ་ལུགས་དང་འཁྲིལ་ ཚོགས་སྡེ་ལུ་ ལན་གསལ་མ་བྱིནམ་མ་ཚད་ དྲུང་ཆེན་ཡིག་ཚང་གིས་ འགྲུལ་འཕྲིན་ཐོག་ལས་ དྲན་གསོ་དང་ དང་ལེན་འབད་རུང་ ལན་གསལ་ཐོབ་མ་ཚུགས་ཟེར་ འཐུས་མི་གིས་ ཞུ་ཡི།

ལན་གསལ་མ་གནང་མི་དེ་ གནད་དོན་ག་ཅི་ཨིན་ན་ཟེར་ ཤེས་རིག་བློན་པོ་ལུ་ དྲི་བ་ཞུ་ཡི།

ལྷན་ཁག་ལུ་ གྲོས་འདེབས་༤ ཕུལ་མིའི་ལན་ མ་ལྷོད་མི་ལུ་བརྟེན་ ཐེ་ཚོམ་དང་ དོགས་པ་ཆགས་ཅི་ཟེར་ འཐུས་མི་བསོད་ནམས་དཔལ་འཛོམས་ཀྱིས་ ཞུ་ཡོདཔ་ད་ དེ་ཡང་ དང་པ་ ཚོགས་ཁང་གི་དབུ་འཕང་དང་ འགན་དབང་ དབང་ཆ་ལུ་ བརྩི་བཀུར་མེདཔ་ཨིན་ན་ ཡང་ཅིན་ ཚོགས་སྡེ་གིས་ ཕུལ་མི་གྲོས་འདེབས་དེ་ འོས་འབབ་དང་ ངོས་ལེན་མེདཔ་ཨིན་ན་ ཡང་ཅིན་ གནད་དོན་གཞན་ལུ་བརྟེན་ ལན་གསལ་ཕུལ་མ་ཚུགསཔ་ཨིན་ན་ བློན་པོ་གིས་ ཁ་གསལ་ཞུ་དགོ་པའི་ དྲན་བསྐུལ་ཞུ་ཡི།

ཤེས་རིག་བློན་པོ་ ཇེ་བི་རའེ་གིས་ ཚོགས་སྡེ་གིས་ ཡི་གུ་ནམ་བཏང་ཡོདཔ་ཨིན་ན་དང་ དྲི་བ་ནམ་བཀོད་ཅི་ག་ བློན་པོ་ལུ་ ཤེས་རྟོགས་མེད་ནི་དེ་གིས་ ཨིན་ཟེར་ཞུ་བའི་ཁར་ ལྷན་ཁག་གི་ མཉམ་རོགས་ཚུ་གིས་ དུམ་གྲ་ཅིག་ འཐུས་ཤོར་སོཔ་བཟུམ་སྦེ་ མཐོང་ཡི་ཟེར་ ཞུ་ཡི།

བློན་པོ་ཁོ་ར་མ་ལྷོད་ནི་དེ་གིས་ ལན་ཕུལ་མ་ཚུགས་མ་གཏོགས་ ལྷན་ཁག་དང་ ལས་ཁུངས་ལས་འབད་རུང་ འཐུས་མི་གིས་ ཞུ་དོ་བཟུམ་སྦེ་ བརྩི་བཀུར་དང་ གུས་ཞབས་མེདཔ་མེན་ཟེར་ ཞུ་ཡི།

གུས་ཞབས་དང་ བརྩི་བཀུར་ལུ་བརྟེན་ ད་ལྟོ་ཚུན་ ཕྱག་ཞུ་སྟེ་ར་ཡོད་ཟེར་ དོགས་སེལ་ཞུ་བའི་ཁར་ དབུ་འཕང་མཐོ་བའི་ས་གོ་ནང་ལས་སྦེ་ རྒྱལ་ཡོངས་ལུ་ ཞུ་ནིའི་གོ་སྐབས་དང་ མ་འོངས་པའི་ ན་གཞོན་ཚུ་གི་དོན་ལུ་ འགན་ཁུར་དང་ འགན་འཁྲི་ དྲན་གསོ་གནང་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་དང་ ལན་ག་དེ་སྦེ་ ཕུལ་མ་ཚུགསཔ་ཨིན་ན་ བློན་པོ་གིས་ དབྱེ་ཞིབ་འབད་ཞིནམ་ལས་ ཕུལ་ནི་ཟེར་ ཚོགས་ཁང་ལུ་ ཞུ་ཡི།

ལན་གསལ་ཕུལ་མ་ཚུགས་པར་ ལུས་སོ་མི་ལུ་ གཙུག་སྡེ་གི་ཁ་ཐུག་ལས་ བཟོད་པ་བཞེས་གནང་ཟེར་ ཞུ་ཡི།

མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གི་ཁྲི་འཛིན་དང་ སྤུ་ན་ཁའི་འཐུས་མི་ ལྷ་སྐྱིད་སྒྲོལ་མ་གིས་ བློན་པོ་གིས་ ཚོགས་ཁང་ལུ་ གུས་ཞབས་དང་ བརྩི་བཀུར་མེདཔ་མེན་པར་ ཡི་གུ་དང་ དྲི་བ་ཚུ་ མ་ལྷོད་མི་ལུ་བརྟེན་ ལན་གསལ་ཕུལ་མ་ཚུགསཔ་སྦེ་ གསལ་ཞུ་འབད་མི་ལུ་ བློ་སྦོམ་སྦེ་ར་ ཕམ་སོ་ཡི་ཟེར་ ཞུ་ཡི།

སེམས་ཁམས་འཕྲོད་བསྟེན་དང་ རང་སྲོག་བཅད་མི་དེ་ རྒྱལ་ཡོངས་ཀྱི་ཚ་གྱང་དང་ རྒྱལ་ཁབ་ཀྱི་ དཀའ་ངལ་ཨིནམ་ལས་ ལོ་༡ ནང་ རྒྱལ་ཡོངས་ཚོགས་སྡེའི་ནང་ ཚོགས་ཐེངས་ཚར་༢ རེ་འཚོགས་ཏེ་ གྲོས་འདེབས་ཕུལ་ཡི་ཟེར་ ཞུ་ཡི།

གྲོས་འདེབས་ཕུལ་མི་དེ་ ག་དེ་སྦེ་ འཛགས་ལུས་ཤོར་སོཔ་ཨིན་ན་ ཞིབ་དཔྱད་མཛད་ཞིནམ་ལས་ ལན་གསལ་ཕུལ་ནི་ཟེར་ ཞུ་མི་ལུ་ བཀྲིན་དགའ་ཚོར་ཡོདཔ་སྦེ་ འཐུས་མི་གིས་ ཞུ་ཡི།

མ་འོངས་པའི་ནང་ འདི་བཟུམ་གྱི་ འཛགས་ལུས་མི་ཤོར་ནིའི་དོན་ལུ་ འགན་ཁུར་དང་ འགན་འཁྲི་བཀལ་དགོཔ་ཁག་ཆེཝ་བས་ཟེར་ཨིནམ་ད་ གལ་སྲིད་ དེ་སྦེ་ར་ བཞག་པ་ཅིན་ མི་སེར་ཚུ་ མགུ་འཐོམ་ནི་མས་ཟེར་ ཞུ་ཡི།

སྤྱིར་བཏང་ སྲིད་བྱུས་བསྐྱར་ཞིབ་ཨིན་རུང་ གྲོས་འདེབས་ཕུལ་མི་ལུ་ བརྩི་བཀུར་མེད་པའི་བསྒང་ལས་ ཕྱག་ལཱ་གནང་མི་ཚུ་ བཅུད་མེདཔ་འགྱོཝ་མས་ཟེར་ཨིནམ་ད་ མ་འོངས་པའི་ནང་ མི་སེར་ཡང་ མགུ་མི་འཐོམ་ནི་དང་ གཙུག་སྡེ་གཅིག་གིས་གཅིག་ལུ་ བརྩི་བཀུར་དང་ གུས་ཞབས་ མེདཔ་མི་འགྱོ་ནིའི་དོན་ལུ་ ད་རེས་ཀྱི་ གནད་དོན་འདི་ བློན་པོ་གིས་ ལན་གནང་དགོཔ་སྦེ་ ནན་ཞིབ་ཀྱི་ཞུ་བ་འབད་ཡི།

འདས་པའི་ལོ་༦ གི་ གནད་སྡུད་སྙན་ཞུ་ནང་ རང་སྲོག་རང་གིས་ བཅད་མིའི་གནད་སྡུད་ནང་ བརྒྱ་ཆ་ལས་༤༣.༠༢ དེ་ མི་སེར་སོ་ནམ་པ་ཚུ་ཨིནམ་ད་ དེ་གི་འོག་ལས་ར་ བརྒྱ་ཆ་༡༥.༣༧ དེ་ སློབ་ཕྲུག་ན་གཞོན་ཚུ་འབདཝ་ལས་ གནམ་མེད་ས་མེད་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིན་མས་ཟེར་ ཞུ་ཡི།

དེ་གི་ནང་དོན་ཉིད་ལས་ ན་གཞོན་སྐྱེས་ལོ་༡༠ དང་༢༤ གི་བར་ན་ འབད་མི་ཚུ་ཨིན་པའི་ཁར་ ན་འཐན་ར་ དཔེ་ཆ་མཇུག་བསྡུ་སྟེ་ རྒྱལ་ཁབ་ལུ་ ཕྱག་ཞུ་རནམ་ད་ གནས་སྟངས་སྐྱོ་དྲག་ལུ་ཐུག་ཡོདཔ་ལས་ མ་འོངས་པའི་ སྔོན་འགོག་འབད་ཐབས་ལུ་ ལྷན་ཁག་འདི་ གཙོ་རིམ་ཅན་ཅིག་ཨིན་ཟེར་ འཐུས་མི་གིས་ ཞུ་ཡི།

བློན་པོ་ཇའེ་བིར་རའི་གིས་ ཤེས་རིག་ལྷན་ཁག་ནང་ མ་ཤེས་མ་མཐོང་པར་ དུམ་གྲ་རེ་འཐུས་ཤོར་ འགན་ཤོར་ འཛོལ་བ་ ནོར་བ་རེ་བྱུངམ་ད་ འཐུས་མི་ཚུ་གིས་ ཐུགས་ཀྱི་བཟོད་པ་བཞེས་གནང་ཟེར་ ཞུ་ཡི།

རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ བཀྲིས་རྡོ་རྗེ་གིས་ གསུངས་མིའི་ནང་ ཤེས་རིག་ལྷན་ཁག་ལས་ གྲོས་འདེབས་ཀྱི་ལན་ མ་འབྱོར་མི་ལུ་བརྟེན་ ཚོགས་ཁང་ནང་ ལན་གསལ་གནད་དོན་ཐོག་ ཞུ་དགོཔ་བྱུང་ཡི་ཟེར་ཨིན་པས།

མ་གཞི་ བློན་པོ་གིས་ ཚོགས་ཁང་ནང་ གྲོས་འདེབས་ཀྱི་ལན་སྦེ་ ཞུ་དོ་བཟུམ་སྦེ་ ཡིག་ཐོག་ལུ་ ཧེ་མ་ལས་ ཕུལ་ཡོད་པ་ཅིན་ ལོགས་སུ་སྦེ་ དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་དགོཔ་མ་མཇལ་ཟེར་ གསུངས་པའི་ཁར་ ག་ཏེ་ལས་ འཛགས་ལུས་ཤོར་སོཔ་ཨིན་ན་ ཚར་གཅིག་ཞིབ་དཔྱད་འབད་ཞིནམ་ལས་ མ་འོངས་པར་ དེ་བཟུམ་གྱི་དཀའ་ངལ་ འབྱུང་མི་བཅུག་ནིའི་དོན་ལུ་ ཐབས་ལམ་སྒྲིག་དགོཔ་དེ་ གནམ་མེད་ས་མེད་གལ་ཆེ་ཟེར་ ཁྲི་འཛིན་གྱིས་ གསུངས་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *