སློབ་ཕྲུག་ཚུ་ལུ་ མཁོ་སྤྲོད་འབད་ནིའི་དོན་ལས་ རྒྱགས་སྐལ་སྒམ་རྐྱབ་པའི་བསྒང་།

ཤེས་རིག་ལྷན་ཁག་གིས་ དགོས་མཁོ་ཅན་གྱི་ སློབ་ཕྲུག་ཚུ་ལུ་ རྒྱགས་སྐལ་བགོ་བཀྲམ་འབད་ནི།

༉ ད་རིས་ ཤེས་རིག་ལྷན་ཁག་གིས་ ཀོ་བིཌ་-༡༩ ནད་འབུབ་ཀྱི་ གདོང་ལེན་ལུ་ དགོས་མཁོ་ཆེ་བའི་ སློབ་ཕྲུག་ཚུ་ལུ་ ཉིན་བསྟར་བཟའ་འཐུང་དང་ ཟས་བཅུད་ལྷན་ཐབས་ལུ་ རང་སོའི་ཁྱིམ་ནང་ རྒྱགས་སྐལ་མཁོ་སྤྲོད་འབད་ནི་ཨིན་པས།
སློབ་ཕྲུག་ཚུ་ཡང་ དཔལ་འབྱོར་གྱི་ དཀའ་ངལ་དང་ ཕམ་ཡ་བྲལ་འགྱོ་འགྱོཝ་ ཕམ་ཉམ་ཆུང་གི་ ཨ་ལོ་ཨིནམ་ད་ ད་རེས་ནངས་པར་ གཞུང་ལས་ཅ་ཆས་ཚུ རིན་མེད་སྟོང་པར་ཐོབ་མི་ སློབ་ཕྲུག་ཚུ་ཨིནམ་བཞིན་དུ་ ཤེས་རིག་ལྷན་ཁག་ རྫོང་ཁང་དང་ ཁྲོམ་སྡེ་ རྒེད་འོག་ཚུ་གིས་ ཞིབ་དཔྱད་འབད་དེ་ ངོས་འཛིན་འབད་ཡོདཔ་ཨིན་པས།
ལས་རིམ་དེ་ཡང་ བློན་ཆེན་གྱི་ འགོ་འདྲེན་ཐོག་ལས་ ཤེས་རིག་ལྷན་ཁག་གིས་ འཛམ་གླིང་བཟའ་སྤྱོད་ལས་རིམ་དང་ རྒྱལ་སྤྱི་ཨ་ལོའི་མ་དངུལ་ ༼ཡུ་ནི་སེཕ༽ མཉམ་འབྲེལ་ཐོག་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་ཕྲུག་༡༠,༠༠༠ ལྷགཔ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
ཤེས་རིག་བློན་པོ་ ཇའི་བིར་རའེ་གིས་ བཤད་མིའི་ནང་ དགོས་མཁོ་ཅན་གྱི་ སློབ་ཕྲུག་ཚུ་ལུ་ རྒྱགས་སྐལ་བགོ་བཀྲམ་འབད་མི་དེ་གིས་ ཀོ་བིཌ་-༡༩ ལུ་བརྟེན་ རྒྱལ་ཁབ་ནང་ སློབ་གྲྭ་སྒོ་བསྡམས་བཞག་མི་དང་འབྲེལ་བའི་ གནད་དོན་ཚུ་ སེལ་ནི་གི་ ཐབས་ལམ་ཅིག་ཨིན་ཟེར་ཨིན་པས།
ཤེས་རིག་བློན་པོ་གིས་འབད་བ་ཅིན་ ཅ་ཆས་ཚུ་ཡང་ མཁོ་སྒྲུབ་འབད་དེ་ ཡོད་པའི་ཁར་ ད་ལྟོའི་གནས་སྟངས་ནང་ སློབ་ཕྲུག་ཚུ་ལུ་ ཟས་བཅུད་དང་ལྡན་པའི་ བཟའ་འཐུང་ཚུ་ བྱིན་ནི་དེ་ གལ་ཅན་ཅིག་ཨིནམ་བཞིན་དུ་ སློབ་གྲྭའི་ཨ་ལོ་ཚུ་ལུ་ ཟད་བཅུད་ཀྱི་ བཞེས་སྒོ་ཐོབ་མ་ཚུགས་པ་ཅིན་ སྦོམ་འགྱོ་ནི་དང་ མནོ་ལུགས་གོང་འཕེལ་ དེ་ལས་ གཟུགས་ཀྱི་ནུས་ཤུགས་ ཉམས་འགྱོ་ནི་ཨིན་པའི་ ཚ་གྱང་ལུ་བརྟེན་ རྒྱགས་སྐལ་བགོ་བཀྲམ་འབད་དོ་ཟེར་ཨིན་པས།
ཨ་ལོ་ཚུ་ལུ་ རྒྱགས་སྐལ་ཚུ་ཡང་ ད་རིས་ཐིམ་ཕུག་རྫོང་ཁག་ལས་ འགོ་བཙུགས་ཨིནམ་བཞིན་དུ་ འགྲོས་ཀྱིས་བཏང་སྟེ་ རྫོང་ཁག་༡༩ ནང་ བགོ་བཀྲམ་འབད་འོང་ཟེར་ ཤེས་རིག་བློན་པོ་གིས་ བཤད་པའི་ཁར་ སློབ་ཕྲུག་རེ་གིས་ ཉེར་མཁོའི་ཅ་ཆས་ ཕོར་ཊི་ཕ་ཡེཊ་ཆུམ་ཀེ་ཇི་༡༢ དང་ མར་ཁུ་ལི་ཊར་༡.༥  ཅ་ན་ཀེ་ཇི་༠.༥ དེ་ལས་ དཱལ་ཀེ་ཇི་༢ བརྩིས་ཏེ་ བཟའ་འཐུང་མ་འདྲཝ་ཁག་༩ འཐོབ་ཟེར་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ ཡུ་ནི་སིཕ་གིས་ རྐྱབ་སྐྱོར་འབད་མི་ གླང་ལེབ་དང་ གཙང་རས་དང་ ལགཔ་དབུར་སྨན་ཆུ་ཚུ་ཡང་ སློབ་ཕྲུག་ཚུ་ལུ་ བགོ་བཀྲམ་འབད་ནི་ཨིན་པས།
ཤེས་རིག་བློན་པོ་གིས་འབད་བ་ཅིན་ བཟའ་འཐུང་གི་རིགས་ཚུ་ ད་རེས་ ཟླཝ་༡ གི་དོན་ལུ་ཨིནམ་ལས་ གལ་སྲིད་ ཀོ་བིཌ་-༡༩ ནད་འབུབ་ལུ་བརྟེན་ སློབ་གྲྭ་ཚུ་ སྒོ་བསྡམས་དགོ་བྱུང་པ་ཅིན་ ཅ་ཆས་ཚུ་ འཕྲོ་མཐུ་དེ་ར་ བགོ་བཀྲམ་འབད་འོང་ཟེར་ཨིན་པས།
སློབ་གྲྭ་ཤེས་ཡོན་ལས་ཁུངས་ སློབ་གྲྭ་འཕྲོད་བསྟེན་དང་ ཟས་བཅུད་སྡེ་ཚན་གྱི་གཙོ་འཛིན་ ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ དགོས་མཁོ་ཅན་གྱི་ སློབ་ཕྲུག་རེ་གིས་ ཟླཝ་རེ་ནང་ དངུལ་ཀྲམ་༩༠༥ དེ་ཅིག་གནས་པའི་ ཉེར་མཁོའི་ཅ་ཆས་ཚུ་ འཐོབ་ཚུགས་ནི་ཨིན་པས།
དགོས་མཁོ་ཅན་གྱི་ སློབ་ཕྲུག་ཚུ་ ཧེ་མ་ལས་ ངོས་འཛིན་འབད་བའི་ཁར་ མིང་ཐོ་ཚུ་ བསྡུ་ལེན་འབད་མིའི་ གྱངས་ཁ་དང་འཁྲིལ་ཏེ་ ཅ་ཆས་བགོ་བཀྲམ་འབད་ནིའི་ ས་གོ་ངོས་འཛིན་དང་ ཉེ་འདབས་ཀྱི་ སློབ་གྲྭ་ཚུ་ལས་ སློབ་ཕྲུག་ཚུ་གིས་ ཅ་ཆས་འཐོབ་ཚུགས་ཟེར་ཨིན་པས།
ཤེས་རིག་བློན་པོ་གིས་ རྒྱགས་སྐལ་ཚུ་ བགོ་བཀྲམ་འབད་བའི་སྐབས་ ཕམ་དང་ སློབ་ཕྲུག་ཚུ་གིས་ འགན་འཁྲི་འབག་དགོ་པའི་ཁར་ རྒྱགས་སྐལ་ཚུ་ དོན་སྨིན་ཅན་དང་ སློབ་ཕྲུག་ཚུ་གིས་ ཤེས་ཡོན་ལྷབ་སྦྱང་འབད་དོ་ཡོད་མེད་ཀྱི་ ལྟ་རྟོག་ཚུ་ འབད་ནི་ཨིན་པས།
རྒྱལ་ཁབ་ནང་ སློབ་གྲྭ་ཚུ་ཡང་ སྤྱི་ཟླ་༣ པའི་ཚེས་༦ ལུ་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོབ་མི་དང་པ་ བདའ་ཟུན་པའི་ཤུལ་ལས་ སྒོ་བསྡམས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སློབ་དཔོན་ཚུ་གིས་ སློབ་ཕྲུག་ཉམ་ཆུང་ཚུ་ལུ་ འགྲུལ་འཕྲིན་གྱི་ རྒྱབ་སྐྱོར་པ་འཚོལ་ཡོདཔ།

༉ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་ནི་ལས་ལྷག་པའི་ འགན་ཁུར་གཞན་ཡང་ འབག་དོ་ཡོདཔ་ཨིན་པས། དེ་ཡང་ ཕུན་ཚོགས་གླིང་བསོད་ནམས་སྒང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་དཔོན་༢ ཀྱིས་ སློབ་ཕྲུག་ཉམ་ཆུང་ཚུ་ལུ་ རྒྱབ་སྐྱོར་འབད་མི་ལས་ གསལ་སྟོན་འབདཝ་ཨིན་པས། སློབ་ཕྲུག་ལ་ལོ་ཅིག་ལུ་ ཡོངས་འབྲེལ་ཐོག་ལས་ …

Leave a Reply

Your email address will not be published. Required fields are marked *