ཤེས་རིག་བློན་པོ་གིས་ གསལ་ཞུ་འབད་བའི་བསྒང་།

༉ མི་རློབས་མང་ཤོས་ཡོད་མི་ ཐིམ་ཕུག་དང་ བསམ་རྩེ་ ཆུ་ཁ་རྫོང་ཁག་གསུམ་ནང་ལས་ ཁྱིམ་གུང་༤,༠༠༠ ལྷགཔ་ཅིག་ལུ་ གཙང་སྦྲ་འཕྲོད་བསྟེན་གྱི་ མཐུན་རྐྱེན་ཚུ་ ཚུལ་ལྡན་མེདཔ་ཨིན་པས།
འབྲུག་གི་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་༢༠༡༧ ཅན་མ་དང་འཁྲིལཝ་ད་ བརྒྱ་ཆ་༢ ལུ་ གསང་སྤྱོད་ཀྱི་ མཐུན་རྐྱེན་མེད་པའི་ཁར་ གནས་སྟངས་དེ་ཡང་ གྲོང་གསེབ་ནང་བརྒྱ་ཆ་༣ དང་ ཁྲོམ་སྡེ་ནང་༠.༤ ཡོདཔ་ཨིན་པས།
ཁྱིམ་གུང་བརྒྱ་ཆ་༧༤.༨ ལུ་ གསང་སྤྱོད་ཀྱི་ མཐུན་རྐྱེན་ཡར་དྲག་བཏང་སྟེ་ཡོདཔ་ད་ གསང་སྤྱོད་ཆུ་བཤལ་གཏང་ནིའི་ མཐུན་རྐྱེན་ཚུ་ཡོདཔ་ཨིན་པས།
ལྷག་ལུས་ཁྱིམ་གུང་པ་༤༡,༠༣༩ གིས་ ཆུ་བཤལ་གཏང་ནིའི་ མཐུན་རྐྱེན་མེད་པའི་ ཆབ་གསང་ཚུ་ ལག་ལེན་འཐབ་དོ་ཡོདཔ་ད་ ས་དོང་བརྐོ་སྟེ་བཟོ་མི་ གསང་སྤྱོད་ཚུ་ ལག་ལེན་འཐབ་པའི་ སྙན་ཞུ་འདུག།
ཐིམ་ཕུག་ལུ་འབད་བ་ཅིན་ ཁྱིམ་གུང་པ་༤,༩༠༨ དང་ བསམ་རྩེ་ལུ་༤,༡༠༣ དེ་ལས་ ཆུ་ཁ་ལུ་ གུང་པ་༤,༠༨༢ ཀྱིས་ གསང་སྤྱོད་ཚུལ་ལྡན་མེད་མི་ཚུ་ ལག་ལེན་འཐབ་དོ་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ད་ ཧཱ་དང་ མགར་ས་ དེ་ལས་ ལྷུན་རྩེ་རྫོང་ཁག་ནང་ ཁྱིམ་གུང་པ་༡,༠༠༠ དེ་རེ་ཅིག་གིས་ཡང་ ཚུལ་ལྡན་མེད་པའི་ གསང་སྤྱོད་ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
དེ་ལས་ ཁྱིམ་གུང་༢༩,༩༧༣ ལུ་ ཡུན་བརྟན་གྱི་ འཐུང་ཆུ་མེད་པའི་ཁར་༡,༤༠༠ དེ་ཅིག་གིས་ འཐུང་ཆུ་ལེན་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༡ ལས་ལྷག་ ལམ་འགྱོ་དགོ་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༥ ལུ་ ཁྱིམ་གུང་པ་༡༢༦,༡༡༥ ཐོ་བཀོད་འབད་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༧ ལུ་ ཁྱིམ་གུང་པ་༡༦༣,༠༠༡ ཐོ་བཀོད་འབད་མི་དེ་ བརྒྱ་ཆ་༢༩.༢ ཀྱིས་ ཡར་འཛེགས་ཡོདཔ་ཨིན་པས།
རྫོང་ཁག་ཚུ་གི་གྲས་ལས་ ཐིམ་ཕུག་རྫོང་ཁག་ནང་༦༡,༣༤༤ ཐོ་བཀོད་འབད་མི་དེ་ མཐོ་ཤོས་ཨིནམ་ད་ མགར་ས་ལུ་༩༠༩ ཡོད་མི་དེ་ དམའ་ཤོས་ཨིནམ་ད་ ཧཱ་ལུ་༢,༩༥༢ ཡོདཔ་ཨིན་པས།
གཏན་འཇགས་ཀྱི་ཁྱིམ་ནང་ གྲངས་རྩིས་འབད་མི་ བསྡོམས་ཀྱིས་༦༣༢,༨༠༡ འབད་མི་དེ་ བརྒྱ་ཆ་༨༧.༠ གི་རྩིས་ཨིནམ་ད་ ལྷག་ལུས་༩༤,༣༤༤ དེ་ བཟོ་གྲྭ་ཁང་དང་ གཙུག་སྡེའི་ས་ཁོངས་ཚུ་ནང་ གཞིས་སྤོ་མི་དང་ གནས་སྐབས་ཀྱི་དོན་ལུ་ འགྱོ་བའི་སྐབས་ གྲངས་རྩིས་རྐྱབ་ཡོདཔ་ཨིན་པས།
ཁྱིམ་གུང་བརྒྱ་ཆ་༩༨.༦ ལུ་ འཐུང་ཆུའི་མཐུན་རྐྱེན་ཡོད་པའི་ཁར་ སྤྱི་ལོ་༢༠༠༥ ལུ་ འཐུང་ཆུའི་ཁྱབ་ཚད་དེ་ བརྒྱ་ཆ་༨༤.༥ ལུ་སྡོད་ཡོདཔ་ད་ རྫོང་ཁག་ཚུ་གི་གྲས་ལས་ ཐིམ་ཕུག་ལུ་ བརྒྱ་ཆ་༩༩.༤ དང་ ལྷུན་རྩེ་ལུ་བརྒྱ་ཆ་༩༩.༢ ཀྱི་ འཐུང་ཆུ་ཚུལ་ལྡན་གྱི་ཁྱབ་ཚད་ཡོདཔ་ཨིན་པས།
ཆུ་ལག་ལེན་འཐབ་མིའི་གྲས་ལས་ ཁྲོམ་ཁར་སྡོད་མི་ཚུ་ལས་ བརྒྱ་ཆ་༧༥.༦ གིས་ ཆུ་དུང་ཐོག་ལས་ འཐུང་ཆུ་ལག་ལེན་འཐབ་དོ་ཡོདཔ་ད་ གྲོང་གསེབ་ནང་ སྡོད་མི་ལས་ བརྒྱ་ཆ་༣༡.༥ གིས་ ཆུ་དུང་ཐོག་ལས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
བཟའ་འཐུང་ཡུན་བརྟན་ཐད་ཁར་་ ཁྱིམ་གུང་༡༠,༠༤༨ ཀྱིས་ འདས་པའི་ཟླཝ་༡༢ ནང་ བཟའ་ཚང་ནང་འཁོད་ སྡོད་མི་ཚུ་ལུ་ བཟའ་འཐུང་མ་ལང་པའི་ དཀའ་ངལ་ཐོན་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ད་ གྲོང་གསེབ་ནང་འབད་བ་ཅིན་ བརྒྱ་ཆ་༨.༡ གིས་ བཟའ་འཐུང་མ་ལང་པའི་སྐོར་ལས་ སྙན་ཞུ་འབད་མི་ཚུ་ཡང་ ཆུ་ཁ་དང་ བསམ་རྩེ་རྫོང་ཁག་ཚུ་ནང་ལས་ ཁྱིམ་གུང་༡,༠༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།
དེ་མ་ཚད་ གྲོང་གསེབ་ཀྱི་ མི་རློབས་བརྒྱ་ཆ་༧༢.༢ ཀྱིས་ རང་སོའི་ཁྱིམ་ནང་ སྡོད་དོ་ཡོད་པའི་ཁར་ བརྒྱ་ཆ་༡༠.༨ ཀྱིས་ གཞུང་དང་ སྒེར་ཁྱིམ་ནང་ ཁང་གླ་མ་ཕོགཔ་སྦེ་ སྡོད་དོ་ཡོད་རུང་ ཁྲོམ་སྡེ་ནང་འབད་བ་ཅིན་ བརྒྱ་ཆ་༡༤.༢ ཀྱིས་ རང་སོའི་ཁྱིམ་ནང་སྡོད་དོ་ཡོད་རུང་ བརྒྱ་ཆ་༦༥.༣ གྱིས་ ཁང་གླ་ཁར་སྡོད་པའི་ཁར་ བརྒྱ་ཆ་༢༠.༦ གིས་ གཞུང་ཁྱིམ་ཚུ་ནང་ སྡོད་དོ་ཡོདཔ་ཨིན་པས།
གྲོང་གསེབ་ནང་ཡོད་མི་ ཁྱིམ་གུང་༤༢,༠༠༠ ལྷགཔ་ཅིག་གིས་ ཁང་ཚན་གཉིས་ ཡང་ཅིན་ དེ་ལས་ཉུང་བའི་ ཁང་ཚན་ནང་ སྡོད་དོ་ཡོད་རུང་ རྒྱལ་ཡོངས་ཀྱི་ གནས་ཚད་ནང་འབད་བ་ཅིན་ ཁྱིམ་གུང་བརྒྱ་ཆ་༣༨ ལས་མེདཔ་ཨིན་པས།
གྲོང་གསེབ་ཀྱི་ ཁྱིམ་གུང་༡༤,༣༨༧ དང་ ཁྲོམ་སྡེ་ནང་ ཁྱིམ་གུང་༡༡,༡༠༠ གིས་ གསང་སྤྱོད་གཅིག་ཁར་ ལག་ལེན་འཐབ་དོ་ཡོདཔ་ད་ ཐིམ་ཕུག་ལུ་འབད་བ་ཅིན་ ཁྲོམ་སྡེ་བརྩིས་ཏེ་ ཁྱིམ་གུང་༡༠,༦༠༠ གིས་ གསང་སྤྱོད་གཅིག་ཁར་ ལག་ལེན་འཐབ་མི་ཡོདཔ་ཨིན་པས།
ཁྱིམ་གུང་མང་ཤོས་ཀྱིས་ མེ་གི་དོན་ལུ་ གློག་མེ་དེ་ ལག་ལེན་འཐབ་དོ་ཡོདཔ་ད་ ཁྱིམ་གུང་༨༥ གིས་ སྒེར་གྱི་གློག་འཕྲུལ་ ཇེ་ནི་རེ་ཊར་ ལག་ལེན་འཐབ་དོ་ཡོདཔ་ད་༢༨༧ གྱིས་ མེ་རླུང་རྒྱ་རྫི་ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༥ ལུ་ མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་རྐྱབ་པའི་སྐབས་ ཆུ་བཤལ་བཏུབ་པའི་ གསང་སྤྱོད་ཡོད་མི་ ཁྱིམ་གུང་པ་༤༥,༠༧༤ ཡོད་པའི་ཁར་ གསང་སྤྱོད་ཁྱིམ་གྱི་ཕྱི་ཁར་ཡོད་མི་༤,༠༠༦ དེ་ལས་ ས་དོང་བརྐོ་སྟེ་བཟོ་མི་ གསང་སྤྱོད་ཡོད་མི་༦༢,༨༠༦ ཡོདཔ་ད་༡༢,༧༤༧ ལུ་ གསང་སྤྱོད་ཀྱི་ མཐུན་རྐྱེན་མེད་པའི་ ཐོ་བཀོད་འབད་ནུག།
སྤྱི་ལོ་༢༠༡༧ ལོའི་ སྙན་ཞུ་དང་འཁྲིལཝ་ད་ འབྲུག་པའི་ཁྱིམ་གུང་༣༣༢༥ གིས་ ད་ལྟོ་ཡང་ ཆབ་གསང་ཚུ་ ཕྱི་ཁ་ལས་ཕར་ ག་ལྷོད་སྦེ་ བཏང་དོ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *