སྤ་རོ་ཁང་ཁུ་འབྲིང་རིམ་སློབ་གྲྭ་བར་མའི་ དབུ་འཛིན་འོགམ་ སྐལ་བཟང་ཚེ་རིང་གིས་ ཞིབ་འཚོལ་གྱི་ གྲུབ་འབྲས་དེ་ དང་ལེན་ཞིབ་འཚོལ་གྱི་ གྲོས་འཛོམས་ནང་ གསལ་ཞུ་འབད་བའི་བསྒང་།

ཤེས་རིག་བརྟན་རྩའི་ མ་དངུལ་ཐོབ་མི་ཚུ་གིས་ ཞིབ་འཚོལ་གྱི་ གྲུབ་འབྲས་ཚུ་ བརྗེ་སོར་འབད་ཡོདཔ།

༉ སློབ་གྲྭ་ལྟེ་བ་ཚུ་ནང་ དབང་ཚད་ཕྱིར་སྤེལ་གཞི་བསྒྱུར་གྱི་དོན་ལུ་ སློབ་གྲྭ་འཛིན་སྐྱོང་ལག་ལེན་གྱི་ ཞིབ་འཚོལ་དང་འཁྲིལཝ་ད་ སློབ་གྲྭ་ཚུ་ལུ་ དབང་ཚད་ཕྱིར་སྤེལ་འབད་ནི་དེ་ ཐབས་བྱུས་མགུ་རྙོགས་དྲགས་ཅིག་དང་ ཕན་གནོད་གཉིས་ར་ཡོད་པའི་ མངོན་གསལ་བྱུང་ནུག།
ཞིབ་འཚོལ་གྱི་ གྲུབ་འབྲས་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༣༠ ལུ་ ཐིམ་ཕུག་ལུ་ འགོ་དང་པ་ དང་ལེན་ཞིབ་འཚོལ་གྱི་ གྲོས་འཛོམས་ནང་ སྤ་རོ་ཁང་ཁུ་འབྲིང་རིམ་སློབ་གྲྭ་བར་མའི་ དབུ་འཛིན་འོགམ་ སྐལ་བཟང་ཚེ་རིང་གིས་ གསལ་ཞུ་འབད་ཡི།
ཁོ་གིས་ ཞིབ་འཚོལ་དེ་ སྤུས་ཚད་ལུ་ གཞི་བཞག་ཐོག་ལས་ འབད་ཡོདཔ་ད་ སློབ་གྲྭ་ལྟེ་བ་ཚུ་གིས་ སློབ་གྲྭའི་འཆར་སྣང་དང་ ཤེས་རིག་གི་ དམིགས་ཡུལ་ཚུ་ ཁ་གསལ་སྦེ་ བཟོ་དགོ་པའི་ གྲོས་འདེབས་བཀོད་ནུག།
སྐལ་བཟང་ཚེ་རིང་གིས་ སླབ་མིའི་ནང་ རྩོམ་རིག་བསྐྱར་ཞིབ་དང་ གཞི་བཞག་ཐོག་ལས་ ཞིབ་འཚོལ་འབདཝ་ད་ བློ་རིག་ཅན་གྱི་ མཐུན་རྐྱེན་དང་ མི་སྡེ་སློབ་གྲྭ་ལུ་ཡིད་ཆེས་ དེ་ལས་ དངུལ་འབྲེལ་བརྩིས་ཏེ་ སློབ་སྟོན་དང་ ལྷབ་སྦྱང་འབད་ནི་ལུ་ གཙོ་རིམ་བཟུང་དགོཔ་འདུག་ཟེར་ཨིན་པས།
སློབ་གྲྭ་ལྟེ་བ་ཚུ་ནང་ འབྲེལ་ཡོད་མི་སྡེ་དང་ སློབ་ཕྲུག་ཚུ་གི་ཕམ་ དེ་ལས་ སློབ་དཔོན་ཚུ་གིས་ ལྕོགས་གྲུབ་གོང་འཕེལ་གཏང་ནིའི་ནང་ ག་ར་གིས་ བཅའ་མར་གཏོགས་དགོཔ་འདུག་ཟེར་ སྐལ་བཟང་ཚེ་རིང་གིས་ བཤད་ཅི།
གྲོས་འཛོམས་ནང་ དང་ལེན་ཞིབ་འཚོལ་༩ དེ་ཅིག་ གསལ་ཞུ་འབད་ཡོདཔ་ད་ ཞིབ་འཚོལ་ཚུ་ཡང་ རྒྱལ་ཁབ་ཀྱི་ སློབ་གྲྭ་ཚུ་དང་ བརྗེ་སོར་འབད་ནི་ཨིན་པས།
ཧེ་མ་འབད་བ་ཅིན་ དང་ལེན་ཞིབ་འཚོལ་ཚུ་ དང་ལེན་ཞིབ་འཚོལ་ཐབས་རིག་ཚོགས་ཆུང་གིས་ དབྱེ་ཞིབ་ཐོག་ལས་ བརྟན་རྩའི་མ་དངུལ་བཀོད་ཚོགས་རྐྱངམ་གཅིག་ གསལ་ཞུ་འབད་ཡོདཔ་ཨིན་པས།
ཨིན་རུང་ ཚོགས་ཆུང་གིས་ ཞིབ་འཚོལ་གྱི་ གྲུབ་འབྲས་དང་ ཉམས་མྱོང་ཚུ་ བརྗེ་སོར་འབད་དགོ་པའི་ གྲོས་འདེབས་ཕུལ་མི་དེ་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡༣ ལུ་ བརྟན་རྩ་མ་དངུལ་གྱི་ བཀོད་ཚོགས་ཞལ་འཛོམས་ནང་ གྲོས་ཐག་བཅད་པའི་ཤུལ་ལས་ ཤེས་རིག་ལྷན་ཁག་ སློབ་དཔོན་ཁྱད་རིག་སྡེ་ཚན་གྱིས་ གྲོས་འཛོམས་འགོ་འདྲེན་འཐབ་ནུག།
སློབ་དཔོན་ཁྱད་རིག་སྡེ་ཚན་གྱི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ གྲོས་འཛོམས་དེ་ཡང་ དང་ལེན་ཞིབ་འཚོལ་ཚུ་ གསལ་ཞུ་དང་ པར་སྐྲུན་ཐོག་ ཞིབ་རྟོག་བརྗེ་སོར་འབད་ནི་དང་ བསམ་ཞིབ་དང་ ལག་ལེན་གཞི་བཞག་གི་ སྒྲུབ་བྱེད་སྒྲིང་སྒྲི་བཟོ་སྟེ་ སློབ་དཔོན་དང་ སློབ་གྲྭ་ཚུ་གིས་ དང་ལེན་ཞིབ་འཚོལ་ནང་ འབྲེལ་འཛིན་ཡར་དྲག་གཏང་ནི་ དེ་ལས་ འབྲུག་རྒྱལ་ཁབ་ནང་འཁོད་ཀྱི་ དང་ལེན་ཞིབ་འཚོལ་འབད་ནིའི་ནང་ སྤྲོ་བ་ཡོད་མི་ཚུ་གི་ འབྲེལ་མཐུན་བཟོ་ཐབས་ལུ་ཨིན་ཟེར་ཨིན་པས།
ཞལ་འཛོམས་ལུ་བརྟེན་ སློབ་དཔོན་ཚུ་གིས་ བསམ་ཞིབ་དང་ སྒྲུབ་བྱེད་གཞི་བཞག་གི་ སློབ་ཁང་ལག་ལེན་གྱི་ གནས་སྐབས་དང་ ཉམས་མྱོང་བརྗེ་སོར་འབད་ནི་དང་ སློབ་གྲྭ་ཚུ་ནང་ དང་ལེན་ཞིབ་འཚོལ་གྱི་ གྱངས་ཁ་དང་ སྤུས་ཚད་ལྷན་ཐབས་འབད་ནི་གི་ རེ་བ་ཡོདཔ་ཨིན་པས།
དང་ལེན་ཞིབ་འཚོལ་དེ་ཡང་ ཤེས་རིག་བརྟན་རྩ་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ འབད་ཡོདཔ་ད་ ལོ་བསྟར་བཞིན་དུ་ མ་དངུལ་རྒྱབ་སྐྱོར་གྱི་དོན་ལུ་ གྲོས་འཆར་༤༠ དེ་ཅིག་ལེན་ཏེ་ དབྱེ་ཞིབ་འབདཝ་བཞིན་དུ་ མ་དངུལ་དེ་ཡང་ སློབ་སྟོན་དང་ ལྷབ་སྦྱང་ལམ་ལུགས་ཀྱི་ དང་ལེན་ཞིབ་འཚོལ་གཞི་རྟེན་ ཡར་དྲག་གཏང་ནིའི་ སྤུས་ཚད་ལྷན་ཐབས་ཀྱི་དོན་ལུ་ སྤྱི་ལོ་༢༠༡༦ ལུ་ གཞི་བཙུགས་འབད་ནུག།
སློབ་དཔོན་ཁྱད་རིག་སྡེ་ཚན་གྱིས་ ལས་རིམ་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནིའི་ ལས་འཆར་ཡོདཔ་ད་ ཉིན་གྲངས་༡ གི་ གྲོས་འཛོམས་ནང་ རྒྱལ་ཁབ་ནང་འཁོད་ལས་ སློབ་དཔོན་༡༤༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *