ཤེས་རིག་གྲོང་ཁྱེར་གྱི་ས་ཁོངས།

ཤེས་རིག་གྲོང་ཁྱེར་ལས་འགུལ་ ལག་ལེན་གྱི་ གཏན་འཁེལ་མེདཔ།

༉ ཐིམ་ཕུག་ཝང་སི་སི་ནང་ལུ་ གཞི་བཙུགས་འབད་མི་ ཤེས་རིག་གྲོང་ཁྱེར་སྒོ་བསྡམས་ཏེ་ ལོ་མང་རབས་ཅིག་ སོང་ཡོད་རུང་ གྲོ་ཁྱེར་དེ་ ག་ཅིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ན་ གཞུང་གིས་ ད་ལྟོའི་བར་ན་ཡང་ ཐག་བཅད་མ་ཚུགས་པར་ཡོདཔ་ཨིན་པས།
ཤེས་རིག་གྲོང་ཁྱེར་གྱི་ཁྲི་འཛིན་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ བཤད་མིའི་ནང་ ད་རེས་ ཐིམ་ཕུག་གཞི་བཀོད་འཆར་གཞི་དེ་ བསྐྱར་ཞིབ་འབད་ནི་ རན་ཡོད་མི་དང་བསྟ྄ན་ ཤེས་རིག་གྲོང་ཁྱེར་གྱི་ ས་ཆ་དེ་ འཆར་གཞི་ནང་ བཙུགས་ནི་ལུ་ འོས་འབབ་བལྟ་དོ་ཟེར་ཨིན་པས།
ཨིན་རུང་ ཤེས་རིག་གྲོང་ཁྱེར་དེ་ དམིགས་བསལ་དུ་ ལས་དོན་དེ་གི་དོན་ལུ་ ལག་ལེན་འཐབ་ནི་ཟེར་ གྲོས་ཐག་ག་ནི་ཡང་ བཅད་བཅདཔ་མེདཔ་ལས་ སྒོ་བསྡམས་ཏེ་ར་ བཞག་འོང་ཟེར་ ཞབས་ཏོག་བློན་པོ་གིས་ བཤདཔ་ཨིན་པས།
ཤེས་རིག་གྲོང་ཁྱེར་གྱི་ ས་ཆ་དེ་ ག་ནི་བ་ ལེགས་ཤོམ་ཡོདཔ་ལས་ ལག་ལེན་མེད་པར་ དེ་སྦེ་ར་ སྟོངམ་བཞག་མི་བཏུབ་འོང་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
གྲོང་ཁྱེར་དེ་ཡང་ སྤྱི་ལོ་༢༠༡༤ ཟླ་༣ པའི་ནང་ ས་ཁོངས་ཁྲིམས་མཐུན་ཐོག་ མ་ལེན་པའི་ གནད་དོན་ལུ་བརྟེན་ སྒོ་བསྡམས་བཞག་ཡོདཔ་ད་ གྲོང་ཁྱེར་དེ་ནང་ འཁོར་ལམ་ཀི་ལོ་མི་ཊར་༢ ལྷགཔ་ཅིག་ སེལ་ཡོདཔ་མ་ཚད་ ཡིག་ཚང་དེ་ཡང་ ད་ལྟོའི་བར་ན་ཡང་ དེ་སྦེ་ར་ ཡོདཔ་ཨིན་པས།
ཞབས་ཏོག་ལྷན་ཁག་གི་ ཁྲོམ་སྡེ་འཆར་གཞི་གཙོ་འཛིན་འགོ་དཔོན་ བཀྲིས་དབང་མོ་གིས་ སླབ་མིའི་ནང་ ཐིམ་ཕུག་གཞི་བཀོད་འཆར་གཞི་དེ་ བསྐྱར་ཞིབ་འབད་རུང་ གྲོང་ཁྱེར་གྱི་ ས་ཁོངས་དེ་ ཐིམ་ཕུག་ཁྲོམ་སྡེ་ས་ཁོངས་ཀྱི་ ཕྱི་ཁར་ཡོདཔ་ལས་ དེ་གིས་ ཁྱབ་མི་ཚུགས་འོང་ཟེར་ཨིན་པས།
ག་འཆར་ཟེར་བ་ཅིན་ ཐིམ་ཕུག་གཞི་བཀོད་ནང་ ཚུད་དགོ་པ་ཅིན་ ཁྲོམ་སྡེའི་ས་ཁོངས་ཀྱི་ ཀི་ལོ་མི་ཊར་གྲུ་བཞི་༢༦ དེ་ཅིག་གི་ ནང་འཁོད་ལུ་ འོང་དགོཔ་ད་ གལ་སྲིད་ གཞུང་གིས་ གྲོང་ཁྱེར་དེ་ ཐིམ་ཕུག་གཞི་བཀོད་འཆར་གཞི་ནང་ བཙུགས་དགོ་པའི་བཀའ་རྒྱ་ལྷོད་པ་ཅིན་ བཙུགས་དགོཔ་འོང་ཟེར་ཨིན་རུང་ ད་ལྟོ་ གཞུང་ལས་ བཀའ་རྒྱ་ག་ནི་ཡང་ མ་ལྷོད་ཟེར་ མོ་གིས་ བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ ད་རེས་ ཡོངས་སུ་རྫོགས་པའི་ རྒྱལ་ཡོངས་གོང་འཕེལ་འཆར་གཞི་ཅིག་ བརྩམ་པའི་བསྒང་ཡོད་རུང་ དེ་གིས་ རྒྱལ་ཡོངས་གནས་ཚད་ཀྱི་ ལས་འགུལ་ཅིག་ཨིན་མི་ ཤེས་རིག་གྲོང་ཁྱེར་གྱི་ གནས་ཚད་ནང་ ག་དེ་སྦེ་ ཁྱབ་ཚུགས་ག་ཟེར་བའི་ དོགས་པ་ཡོད་ཟེར་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་གིས་ ཐིམ་ཕུག་གཞི་བཀོད་འཆར་གཞི་ བསྐྱར་ཞིབ་འབད་ནིའི་དོན་ལུ་ ད་ལྟོ་ རང་བཞིན་གནས་སྟངས་ཀྱི་ བརྟག་ཞིབ་འབད་བའི་བསྒང་ཡོདཔ་ལས་ འདི་འབད་ཚར་བའི་ཤུལ་ལས་རྐྱངམ་གཅིག་ འཆར་གཞི་དེ་ བསྐྱར་ཞིབ་འབད་ནི་ འགོ་བཙུགས་ནི་ཨིན་པས།
ལས་འགུལ་དེ་ བཀག་འཛིན་འབད་རུང་ ཡིག་ཚང་དེ་ དེ་སྦེ་ར་ བཞག་དགོ་མི་དེ་ཡང་ ལས་འགུལ་གྱི་ བཅའ་ཁྲིམས་དེ་ ད་ལྟོའི་བར་ན་ཡང་ ལག་ལེན་ཐོག་ལུ་ ཡོད་པའི་ཁར་ བསྒྱུར་བཅོས་ཡང་ མ་འབད་བར་ ཡོད་ནི་དེ་གིས་ཨིན་པས།
གལ་སྲིད་ ཡིག་ཚང་དེ་ སྒོ་བསྡམ་དགོ་པ་ཅིན་ སྤྱི་ཚོགས་ཀྱིས་སྦེ་ བཅའ་ཁྲིམས་དེ་ར་ བསྒྱུར་བཅོས་འབད་དགོ་ནི་དང་ དེ་མེན་ འབད་ཐབས་གཞན་མེདཔ་ཨིན་པས།
ཞབས་ཏོག་བློན་པོ་གིས་ བཤད་མིའི་ནང་ ད་རེས་ འབྲུག་གི་ཤེས་རིག་གྲོང་ཁྱེར་བཅའ་ཁྲིམས་༢༠༡༢ ཅན་མ་དེ་ བསྐྱར་ཞིབ་ཀྱི་དོན་ལུ་ རྒྱལ་ཡོངས་ཁྲིམས་བསྐྱར་ཞིབ་ལས་བྱེད་ཚོགས་ཆུང་ལུ་ སྤྲོད་དེ་ཡོད་ཟེར་ཨིན་པས།
གལ་སྲིད་ ཚོགས་ཆུང་གིས་ བསྐྱར་ཞིབ་འབད་བའི་སྐབས་ བཅའ་ཁྲིམས་དེ་ ཤེས་རིག་གྲོང་ཁྱེར་རྐྱངམ་གཅིག་གི་དོན་ལུ་ཨིན་པའི་ མངོན་གསལ་བྱུང་པ་ཅིན་ སྤྱི་ཚོགས་ནང་ བཙུགས་ཐོག་ལས་ ཆ་མེད་གཏང་དགོཔ་འོང་ཟེར་ཨིནམ་ད་ དེ་མེན་ བཅའ་ཁྲིམས་དེ་ གྲོང་ཁྱེར་ལུ་ རྒྱ་ཆེ་བའི་སྦེ་ ཕན་ཐོགས་ཡོད་པའི་ ཤེས་རྟོགས་བྱུང་པ་ཅིན་ ག་ཅིའི་དོན་ལུ་ ལག་ལེན་འཐབ་ནི་ཨིན་ན་ བལྟ་དགོཔ་འོང་ཟེར་ ཞབས་ཏོག་བློན་པོ་གིས་ བཤདཔ་ཨིན་པས།
གྲོང་ཁྱེར་དེ་ཡང་ ལས་འགུལ་འཛིན་སྐྱོང་པ་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་གཙོ་འཛིན་ ཚེ་རིང་དབང་འདུས་ཀྱིས་ ཞབས་ཏོག་བློན་པོའི་ བཀའ་བཞིན་དུ་ ལས་འགུལ་གྱི་ འཛིན་སྐྱོང་དེ་ ན་ཧིང་ སྤྱི་ཟླ་༨ པའི་ཚེས་༤ ལུ་ རྩིས་ལེན་ནུག།
ཁོ་གིས་འབད་བ་ཅིན་ ད་རེས་ གྲོང་ཁྱེར་དེ་ སྒོ་བསྡམས་བཞག་རུང་ གྲོང་ཁྱེར་གྱི་དོན་ལུ་ འཁོར་ལམ་ཀི་ལོ་མི་ཊར་༢ ལྷགཔ་ཅིག་ ཡོད་མི་དང་ ཡིག་ཚང་ཚུ་ ཉམས་བཅོས་འབད་བཞིན་དུ་ཡོད་ཟེར་ཨིན་པས།
ལས་འགུལ་དེ་གི་ མ་དངུལ་ལས་ ཕྱིའི་མ་རྩ་བཙུགས་མི་ དངུལ་ཀྲམ་ས་ཡ་༩༩ དེ་ ལོག་སྤྲོད་ཡོདཔ་ད་ དངུལ་ཀྲམ་ས་ཡ་༥༨ དེ་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ དུས་བཀག་གསོག་འཇོག་ཐོག་ལུ་ བཞག་སྟེ་ཡོད་ཟེར་ ཚེ་རིང་དབང་འདུས་ཀྱིས་ བཤདཔ་ཨིན་པས།
ཤེས་རིག་གྲོང་ཁྱེར་ ལས་འགུལ་གྱི་དོན་ལུ་ ས་ཆ་ཨེ་ཀར་༡,༠༠༠ དེ་ཅིག་ ངོས་འཛིན་འབད་དེ་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *