ན་ཧིང་ གཞི་བཙུགས་འབད་མི་ རྒྱལ་པོའི་ཞིང་བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ།

ཤེས་རབ་རྩེའི་ བརྡ་དོན་ཚན་རིག་གི་སྦྱོང་ཚན་ རྒྱལ་པོའི་ཞིང་ལུ་ སྤོ་བཤུད་འབད་ནི།

༉ སང་ཕོད་སྤྱི་ཟླ་༧ པ་ལས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ བརྡ་དོན་ཚན་རིག་(ཀམ་པུས་ཊར་ ས་ཡེནསི) གི་ སྦྱོང་ཚན་དེ་ མོང་སྒར་རྒྱལ་པོའི་ཞིང་ བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ནང་ སྤོ་བཤུད་འབད་ནི་ཨིན་པས།
ཨིན་རུང་ ད་རེས་ནངས་པར་ བརྡ་དོན་འཕྲུལ་རིག་གི་ སློབ་སྦྱོང་འབད་བའི་བསྒང་ཡོད་མི་ སློབ་ཕྲུག་ཚུ་ སློབ་གྲྭ་དེ་ནང་ འཕྲོ་མཐུད་དེ་ར་ སྦྱང་བརྩོན་འབད་ནི་ཨིནམ་བཞིན་དུ་ དུས་ཅི་ མཐོ་རིམ་སློབ་གྲྭ་ནང་ བརྡ་དོན་འཕྲུལ་རིག་གི་དོན་ལུ་ སློབ་ཕྲུག་༣༩ གདམ་འཐུ་འབད་མི་དེ་ མཇུག་ཨིན་པས།
དེ་འབདཝ་ལས་ སྤྱི་ལོ་༢༠༡༩ ཟླ་༧ པའི་ནང་ བརྡ་དོན་འཕྲུལ་རིག་གི་ ཤེས་ཡོན་སྦྱང་འདོད་ཡོད་མི་ སློབ་ཕྲུག་ཚུ་ གཞུང་གིས་ ཐད་ཀར་དུ་ རྒྱལ་པོའི་ཞིང་བརྡ་དོན་མཐོ་རིམ་སློབ་གྲྭ་ནང་ འཛུལ་ཞུགས་འབད་བཅུག་ནི་ཨིན་པས།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ ད་རེས་ བརྡ་དོན་ཚན་རིག་གི་ སྦྱོང་ཚན་ལས་རིམ་ སྤོ་སོར་འབད་མི་དེ་ཡང་ རྒྱལ་འཛིན་གཙུག་ལག་སློབ་སྡེའི་ བཀོད་ཚོགས་ཀྱི་ གྲོས་འདེབས་དང་འཁྲིལ་ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ མཐོ་རིམ་སློབ་གྲྭ་ནང་ ལས་སྡེའི་ལས་སྣ་གོང་འཕེལ་གྱི་ བརྟག་ཞིབ་འབད་བའི་སྐབས་ མཐོ་རིམ་སློབ་གྲྭ་དག་པ་ཅིག་གིས་ ཆོས་ཚན་ཅོག་ཐདཔ་སྦེ་ སློབ་སྟོན་འབད་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ད་ གཙོ་འཛིན་གྱིས་འབད་བ་ཅིན་ གཙུག་ལག་སློབ་སྡེ་ཅིག་གི་འོག་ལུ་ ཆོས་ཚན་ཅོག་འཐདཔ་ ཡར་སོ་ནུག་ཟེར་ཨིན་པས།
ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ ཤེས་རིག་བཀོད་ཚོགས་ཀྱིས་ བརྡ་དོན་ཚན་རིག་ལས་རིམ་དེ་ རྒྱལ་པོའི་ཞིང་མཐོ་རིམ་སློབ་གྲྭ་ནང་ སྤོ་བཤུད་འབད་བ་ཅིན་ མཐོ་རིམ་སློབ་གྲྭ་དེ་ གསརཔ་ཅིག་འབདཝ་ལས་ ལེགས་ཤོམ་འགྱོ་ནི་གི་ གྲོས་འདེབས་ཚུ་ཡང་ འབད་ནུག་ཟེར་ཨིན་པས།
སྦྱོང་ཚན་ཡང་ གོ་རིམ་བཟོ་སྟེ་ སྤོ་བཤུད་འབད་ནི་ཨིནམ་ད་ སྤྱི་ལོ་༢༠༡༩ ལུ་ རྒྱལ་པོའི་ཞིང་མཐོ་རིམ་སློབ་གྲྭ་ནང་ ལོ་ངོ་དང་པའི་ སློབ་ཕྲུག་ཚུ་ འཛུལ་ཞུགས་འབད་བའི་སྐབས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ བརྡ་དོན་ཚན་རིག་གི་ ལོ་ངོ་༢ པ་དང་༣ པའི་ སློབ་ཕྲུག་ཚུ་ སློབ་གྲྭ་དེ་ནང་ར་ སྦྱང་བརྩོན་འབད་ནི་ཨིནམ་ད་ བརྡ་དོན་ཚན་རིག་གི་ ལས་རིམ་དེ་ཡང་ སྤྱི་ལོ་༢༠༢༡ ལུ་རྐྱངམ་གཅིག་ ཡོངས་རྫོགས་སྦེ་ སྤོ་བཤུད་འབད་ཚུགས་འོང་ཟེར་ གཙོ་འཛིན་ཚེ་རིང་དབང་འདུས་ཀྱི་ བཤདཔ་ཨིན་པས།
ཤེས་རབ་རྩེ་ལུ་ཡོད་མི་ བརྡ་དོན་ཚན་རིག་གི་ ལེགས་སྦྱར་བ་ཚུ་ཡང་ རྒྱལ་པོའི་ཞིང་ལུ་ གནས་སོར་གཏང་ནི་ཨིནམ་ད་ རྒྱལ་པོའི་ཞིང་མཐོ་རིམ་སློབ་གྲྭ་གིས་ རྒྱབ་སྐྱོར་ཐོག་ལས་ བརྡ་དོན་འཕྲུལ་རིག་གི་ ལེགས་སྦྱར་བ་༢ དེ་ཅིག་ རྒྱ་གར་ལུ་ གཙུག་ལག་གོང་མའི་ ཤེས་ཡོན་སྦྱང་པར་ གཏང་ནི་གི་ ལས་རིམ་ཡོད་ཟེར་ གཙོ་འཛིན་གྱིས་ བཤདཔ་ཨིན་པས།
ཚེ་རིང་དབང་འདུས་ཀྱིས་འབད་བ་ཅིན་ སང་ཕོད་ སྤྱི་ཟླ་༧ པའི་ནང་ གཏན་འཇགས་ཀྱི་ བརྡ་དོན་འཕྲུལ་རིག་ ལེགས་སྦྱར་བ་ཚུ་ཡང་ རྒྱལ་པོའི་ཞིང་ལུ་ གནས་སོར་འགྱོ་དགོཔ་ འཐོན་ནི་དང་ སྤྱི་ལོ་༢༠༢༡ ལས་ སློབ་སྟོན་པ་༩ ཡོད་མི་ལས་ ལེགས་སྦྱར་བ་༥ གནས་སོར་གཏང་འོང་ཟེར་ཨིན་པས།
ད་རེས་ནངས་པར་ རྒྱལ་པོའི་ཞིང་ལུ་ བརྡ་དོན་དང་འབྲེལ་བའི་ ཤེས་ཡོན་ལྷབ་མི་ སློབ་ཕྲུག་༧༩ ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༧ པའི་ནང་ ད་རུང་ སློབ་ཕྲུག་༨༩ དེ་ཅིག་ འཛུལ་ཞུགས་འབད་ནི་ཨིནམ་ད་ སང་ཕོད་ལས་ རྒྱལ་པོའི་ཞིང་ལུ་ བརྡ་དོན་འཕྲུལ་རིག་གི་ སྦྱོང་ཚན་༣ འགོ་བཙུགས་འོང་ཟེར་ མཐོ་རིམ་སློབ་གྲྭའི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྒྱལ་པོའི་ཞིང་མཐོ་རིམ་སློབ་གྲྭ་དེ་ཡང་ གཞུང་གིས་ ཤར་ཕྱོགས་རྫོང་ཁག་ནང་ མཐོ་རིམ་སློབ་གྲྭ་༣ གཞི་བཙུགས་འབད་མི་ལས་༡ ཨིནམ་ད་ ད་རེས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ ནང་རིག་དང་ ཚན་རིག་གི་ སྦྱོང་ཚན་ཚུ་ སློབ་སྟོན་འབད་དོ་ཡོདཔ་མ་ཚད་ ན་ཧིང་ལས་ རྩིས་ཀྱི་སློབ་ཚན་ཅིག་ཡང་ གཞི་བཙུགས་འབད་ནུག།
དེ་བཟུམ་སྦེ་ སང་ཕོད་ལས་ མཐོ་རིམ་སློབ་གྲྭ་གིས་ གནས་སྡུད་ཀྱི་ སྦྱོང་ཚན་ཅིག་ཡང་ འགོ་བཙུགས་ནིའི་ འཆར་གཞི་ཡོདཔ་མ་ཚད་ སྤྱི་ལོ་༢༠༢༠ གི་སློབ་དུས་ལས་ གནས་སྡུད་ཚན་རིག་དང་འབྲེལ་བའི་ ཆོས་ཚན་གཅིག་ཡང་ འགོ་བཙུགས་འོང་ཟེར་ ཚེ་རིང་དབང་འདུས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *