ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ གྲོས་འཛོམས་ཁང་ནང་སྦེ་ རྒྱལ་སྤྱི་བུམོ་གི་ཉིནམ་ བརྩི་སྲུང་དོན་ལུ་ འགོ་འདྲེན་འཐབ་མི་ གྲོས་བསྡུར་ལས་རིམ་ནང་ གྲལ་གཏོགས་འབད་བའི་བསྒང་།

ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ རྒྱལ་སྤྱི་བུམོ་གི་ཉིནམ་ བརྩི་སྲུང་འབད་ཡོདཔ།

༉ དུས་ཅི་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་སྦེ་ རྒྱལ་སྤྱི་བུམོ་གི་ཉིནམ་ བརྩི་སྲུང་འབད་ཡོདཔ་བཞིན་དུ་ ཁ་ཙ་ཕྱི་རུའི་ཆུ་ཚོད་ཕྱེད་དང་༣ དེ་ཅིག་ལས་ མཐོ་རིམ་སློབ་གྲྭའི་ གྲོས་འཛོམས་ཁང་ནང་ ཤོང་ཚད་ལས་བརྒལ་བའི་ མི་སྤུངས་འཛོམས་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱི་གཙོ་འཛིན་ ཞབས་ཏོག་བློན་པོ་རྡོ་རྗེ་ཆོས་སྒྲོན་གྱིས་ གྲོས་འཛོམས་ཁང་ནང་ འཛུལ་ཚརཝ་ཅིག་ར་ མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་༡༥ གིས་ ཨམ་སྲུ་ལུ་ དབང་ཚད་བྱིན་ནི་དེ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ནའི་སྐོར་ལས་ གསལ་བཤད་ཚུ་ འབད་ཡོདཔ་ཨིན་པས།
བུམོ་ལུ་ དབང་ཚད་བྱིན་དགོ་ཟེར་བའི་ བརྗོད་དོན་ཐོག་ལུ་ གྲོས་བསྡུར་འགོ་འདྲེན་འཐབ་པའི་སྐབས་ བློན་པོ་རྡོ་རྗེ་ཆོས་སྒྲོན་དང་གཅིག་ཁར་ ཨམ་སྲུ་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ངོ་ཚབ་དང་ གསོ་བའི་ལས་བྱེདཔ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
བློན་པོ་གིས་འབད་བ་ཅིན་ བུམོ་ལུ་དབང་ཚད་ཟེརཝ་ད་ ཨམ་སྲུ་དང་བུམོ་ག་ཨིན་རུང་ ལྕོགས་གྲུབ་ཅན་སྦེ་ འགྱོ་ནི་ཅིག་ལུ་ གོཝ་མས་ཟེར་ བཤདཔ་ཨིན་པས།
དེ་མ་ཚད་ ད་རེས་ནངས་པ་ རྒྱལ་ཁབ་ནང་ ཕོ་མོ་འདྲ་མཉམ་གྱི་ སྲིད་བྱུས་ལ་སོགས་པ་ཚུ་ བརྩམས་ཏེ་ཡོད་ཟེར་ཨིན་པས།
གྲོས་བསྡུར་གྱི་སྐབས་ལུ་ འཛམ་གླིང་ནང་ བུམོ་ཚུ་གིས་ དཀའ་སྡུག་ག་ཅི་བཟུམ་ མྱོང་དོ་ཡོདཔ་ཨིན་ན་དང་ དཀའ་ངལ་ཚུ་ སེལ་ནི་གི་དོན་ལུ་དང་ ཁོང་ཆ་ཁྱབ་ ལྕོགས་གྲུབ་ཅན་བཟོ་ནིའི་དོན་ལུ་ ག་ཅི་ར་ འབད་དགོཔ་ཨིན་ན་ཚུའི་སྐོར་ལས་ཡང་ གྲོས་བསྡུར་ཚུ་ འབད་ཡོདཔ་ཨིན་པས།
ལོ་ངོ་དང་པའི་ སློབ་ཕྲུག་ཅིག་ཨིན་མི་ སངས་རྒྱས་དབང་མོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཕོ་མོ་གཉིས་ཀྱི་བར་ན་ དབྱེ་བ་ཕྱེ་ནི་དེ་ ད་ལྟོ་ཡང་ དེ་སྦེ་ར་ འདུག་ཟེར་ཨིན་པས།
རྒྱལ་ཁབ་གོང་འཕེལ་འགྱོཝ་ད་གཅིག་ཁར་ མི་ཚུ་གི་ མནོ་ལུགས་ཡང་ ཡར་རྒྱས་སོང་ཡོདཔ་ཨིན་རུང་ ལ་ལོ་ཅིག་གིས་ ཨམ་སྲུ་དང་ཕྱདཔ་ད་ ཕོ་སྐྱེས་ར་དྲག་ཟེར་བའི་ མནོ་ལུགས་དེ་ ད་ལྟོའི་བར་ན་ཡང་ འདུག་ཟེར་ཨིན་པས།
མི་སྡེ་ནང་ ཨམ་སྲུ་ཚུ་ལུ་ གལ་གནད་འདྲ་མཉམ་བྱིན་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ ཕོ་མོ་གཉིས་ཀྱི་བར་ན་ དབྱེ་བ་ཕྱེ་དོ་ཡོད་པའི་ དཀའ་ངལ་དེ་ དུས་ནམ་ཡང་ སེལ་ཐབས་འབད་མི་ཚུགས་ནི་མས་ཟེར་ སངས་རྒྱས་དབང་མོ་གིས་ བཤད་ཡོདཔ་ཨིན་པས།
སློབ་ཕྲུག་གཞན་མི་ བཀྲིས་རྡོ་རྗེ་གིས་འབད་བ་ཅིན་ ཨམ་སྲུ་ཚུ་ལུ་ དབང་ཚད་བྱིན་བཞིན་དུ་ཡོདཔ་ལས་ ད་རུང་ ལོགས་སུ་སྦེ་ བྱིན་དགོཔ་ཅིག་ མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ ཕོ་མོ་གཉིས་ཀྱི་བར་ན་ དབྱེ་བ་ཕྱེ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་འབད་བ་ཅིན་ ཨམ་སྲུ་དང་ ཕོ་སྐྱེས་གཉིས་ཆ་ར་ལུ་ གོ་སྐབས་འདྲ་མཉམ་སྦེ་ར་ བྱིན་ཏེ་འདུག་ཟེར་ སླབ་ཨིན་པས།
དྲོ་པ་གི་ ལས་རིམ་ནང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱིས་ འགན་ཁུར་དང་ བུ་ཚབ་བཅའ་ཁྲིམས་༢༠༡༢ ཅན་མ་ དེ་ལས་ ནང་འཁོད་རྩུབ་སྤྱོད་བཅའ་ཁྲིམས་༢༠༡༣ དང་འབྲེལ་བའི་ སྒྲིག་གཞི་ཚུ་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལས་རིམ་དེ་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་མ་དངུལ་ ཡུ་ནི་སི་ཨེཕ་གི་ རྒྱབ་སྐྱོར་ཐོག་ལས་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *