ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ།

ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ ཚན་རིག་གི་ཆོས་ཚན་གསརཔ་༢ འགོ་བཙུགས་ནི།

༉ དུས་ཅི་ སྤྱི་ཟླ་༧ པའི་སློབ་དུས་ལས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གིས་ གནས་སྡུད་དང་ ཚན་རིག་གནས་སྡུད་ཟེར་ ཚན་རིག་གི་ཆོས་ཚན་༢ སློབ་སྦྱོང་འབད་ནིའི་ གོ་སྐབས་བྱིན་ནི་ཨིན་པས།

དེ་ཡང་ འཕྲལ་ཁམས་ཅིག་ཁར་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་གིས་ ངོས་ལེན་འབད་ཡོདཔ་ད་ ཚན་རིག་ཆོས་ཚན་གསརཔ་༢ བརྩིཝ་ད་ ད་རེས་ མཐོ་རིམ་སློབ་གྲྭ་གིས་ ཚན་རིག་ཆོས་ཚན་༨ འོང་ནི་ཨིན་པས།

ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཚེ་རིང་དབང་འདུས་ཀྱིས་འབད་བ་ཅིན་ ཆོས་མཚན་༢ འགོ་དང་པ་འབདཝ་ལས་ སློབ་སྦྱོང་འབད་མི་ སློབ་ཕྲུག་༣༠ རེ་ ལེན་འོང་ཟེར་ཨིན་པས།

ཚན་རིག་གནས་སྡུད་ སློབ་སྦྱོང་འབད་དགོ་པ་ཅིན་ སློབ་རིམ་༡༢ པ་ནང་ ཚན་རིག་གི་ཆོས་ཚན་ ལྷབ་མི་གིས་ ཨང་རྩིས་ནང་ཉུང་ཤོས་སྐུགས་བརྒྱ་ཆ་༥༥ དང་ གཞན་མི་ཆོས་ཚན་༤ ལྷབ་མི་ཚུ་ལུ་ གོ་སྐབས་ཡོད་ཟེར་ཨིནམ་ད་ སྲིད་རིག་དང་ ཚོང་རིག་ལྷབ་མི་ལུ་ གོ་སྐབས་མེདཔ་ཨིན་པས།

གནས་སྡུད་སློབ་སྦྱོང་ལུ་འབད་བ་ཅིན་ ཚན་རིག་ཆོས་ཚན་དང་ སྲིད་རིག་ དེ་ལས་ ཚོང་རིག་ལྷབ་མི་ སློབ་ཕྲུག་ག་ར་ལུ་ གོ་སྐབས་སྤྲོད་ནི་ཨིནམ་ད་ དེ་ཡང་ ཨང་རྩིས་ནང་ བརྒྱ་ཆ་༦༠ ཐོབ་མི་རྐྱངམ་གཅིག་ ངོས་ལེན་འབད་ནི་ཨིན་པས།

ཤེས་ཡོན་སྒྲིག་འཛིན་ བསྟན་འཛིན་དབང་ཕྱུག་གིས་ སླབ་མིའི་ནང་ སློབ་སྦྱོང་༢ འགོ་བཙུགས་མི་དེ་ཡང་ མཐོ་རིམ་སློབ་གྲྭའི་འཆར་གཞི་དང་འཁྲིལ་ཏེ་ཨིན་པའི་ཁར་ ཚན་རིག་དང་འཕྲུལ་རིག་ དེ་ལས་ བཟོ་ལས་དང་ ཨང་རྩིས་ལུ་ གཙོ་རིམ་བཟུང་ནི་དོན་ལུ་ཨིན་ཟེར་ ཨིན་པས།

མཐོ་རིམ་སློབ་གྲྭ་གིས་ ལས་རིམ་༢ འགོ་མ་བཙུགས་པའི་ཧེ་མར་ ལཱ་གཡོག་གི་གོ་སྐབས་ ག་དེ་སྦེ་འདུག་ག་ ཞིབ་དཔྱད་འབད་ཡི་ཟེར་ བསྟན་འཛིན་དབང་ཕྱུག་གིས་ བཤད་པའི་ཁར་ འབྲེལ་ཡོད་ཡིག་ཚང་དང་གཅིག་ཁར་ཡང་ གྲོས་བསྟུན་འབད་ཡི་ཟེར་ཨིནམ་ད་ སྙན་ཞུ་དང་འཁྲིལ་བ་ཅིན་ ལཱ་གཡོག་གི་གོ་སྐབས་ ལེགས་ཤོམ་འདུག་ཟེར་ཨིན་པས།

ཆོས་ཚན་བཟོ་མི་ཚུ་དང་འཁྲིལཝ་ད་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལུ་ ཕྱིའི་རྟེན་གཞི་དང་ མཐུན་རྐྱེན་འབད་རུང་ འོང་འབབ་ཡོད་ཟེར་ཨིན་པས།

ལས་རིམ་༢ འགོ་བཙུགས་ནིའི་དོན་ལུ་ མི་སྟོབས་དང་ གཞན་མཐུན་རྐྱེན་ཚུ་ཡོདཔ་ལས་ དཀའ་ངལ་ག་ནི་ཡང་མེད་ཟེར་ཨིནམ་ད་ མཐོ་རིམ་སློབ་གྲྭའི་ ལེགས་སྦྱར་བ་གཅིག་ གནས་སྡུད་ཆོས་ཚན་ནང་ མཁས་དབང་སྦྱང་དོ་ཡོདཔ་ལས་ ཁོ་ལོག་ལྷོད་པའི་ཤུལ་ལུ་ མཐོ་རིམ་སློབ་གྲྭ་ནང་ སློབ་སྟོན་འབད་འོང་ཟེར་ བསྟན་འཛིན་དབང་ཕྱུག་གིས་ སླབ་ཨིན་པས།

ལོ་༤ འགོར་ནི་ཨིན་མི་ གནས་སྡུད་ཆོས་ཚན་དེ་ གནས་སྡུད་ཀྱི་སྐོར་ལས་ སློབ་སྦྱོང་འབད་དེ་ གནས་སྟངས་ངན་པ་ཚུ་ གདོང་ལེན་འབད་ནི་དང་ གནས་སྡུད་ལུ་བརྟེན་ སྲིད་བྱུས་དང་འབྲེལ་བའི་ ལོ་རྒྱུས་ཚུ་ གྲོས་ཐག་གཅད་ནིའི་ནང་ ཕན་ཐོགས་འོང་ཟེར་ཨིན་པས།

ཚན་རིག་གནས་སྡུད་ཆོས་ཚན་ནང་ ཨང་རྩིས་དང་གནས་སྡུད་ དེ་ལས་ རྩིས་བཏོན་འབད་ནི་ཚུ་ཚང་ཡོདཔ་ད་ སློབ་སྦྱོང་དེ་ལུ་བརྟེན་ རིག་རྩལ་གོང་འཕེལ་དང་ འཕྲུལ་རིག་ཐོག་ གནས་སྡུད་ལག་ལེན་དང་ བརྡ་དོན་ངེས་བདེན་དེ་གིས་ གྲོས་ཐག་བཅད་ནིའི་ནང་ ཕན་ཐོགས་ཡོད་ཟེར་ ཆོས་ཚན་བཟོ་མི་ཚུ་གིས་ བཤདཔ་ཨིན་པས།

གནས་སྡུད་དང་ གནས་སྡུད་ཚན་རིག་ཟེར་ ཚན་རིག་གི་ཆོས་ཚན་༢ པོ་དེ་ ཁག་ཆེ་བའི་ཆོས་ཚན་ཅིག་ཨིནམ་ད་ ལཱ་གཡོག་གི་གོ་སྐབས་ཡང་ ཡོདཔ་ཨིན་པས།

གཙུག་ལག་ལེགས་སྦྱར་བ་ ཨར་བ་ལ་ མུ་རང་གམ་གྱིས་འབད་བ་ཅིན་ ད་རེས་ ཡོངས་འབྲེལ་ནང་ གནས་སྡུད་ཡོད་རུང་ དེ་ལག་ལག་ཐོག་ལས་ དབྱེ་དཔྱད་འབད་མི་མེདཔ་ལས་ ལས་རིམ་དེ་གིས་ དབྱེ་དཔྱད་འབད་དེ་ ཐག་གཅད་ནི་ལུ་ཡང་ ཕན་ཐོག་འབྱུང་འོང་ཟེར་ཨིནམ་ད་ སློབ་ཕྲུག་ཚུ་ལུ་འབད་རུང་ གོ་སྐབས་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མཐོ་རིམ་སློབ་གྲྭ་ནང་ ལས་རིམ་༢ འགོ་བཙུགས་ནི་དེ་ ལེགས་ཤོམ་སོང་ཡི་ཟེར་ཨིནམ་ད་ ལེགས་སྦྱར་འབད་རུང་ ཉམས་མྱོང་ཡོད་ཟེར་ཨིནམ་ད་ ལས་རིམ་དེ་ ཨང་རྩིས་དང་གནས་སྡུད་ དེ་ལས་ གློག་རིག་དང་འབྲེལ་བ་ཡོད་ནི་དེ་གིས་ ཨང་རྩིས་ལེགས་སྦྱར་བ་ཡང་ སྒྲིང་སྒྲི་ཡོད་ཟེར་ཨིན་པས།

ལས་རིམ་ལས་མཐར་འཁྱོལ་མི་ སློབ་ཕྲུག་ལུ་འབད་རུང་ རྒྱལ་ཁབ་ནང་འཁོད་དང་ འཛམ་གླིང་རྒྱལ་ཁབ་ནང་ ལཱ་གཡོག་གི་གོ་སྐབས་ ལེགས་ཤོམ་ཡོད་ཟེར་ཨིནམ་ད་ དངུལ་ཕོགས་འབད་རུང་ ལེགས་ཤོམ་ཡོད་ཟེར་ཨིན་པས།

ག་དེམ་ཅིག་སྦེ་ སློབ་རིམ་༡༢ པའི་ནང་ ཚོང་རིག་གི་ ཨང་རྩིས་ལྷབ་མི་ཚུ་གིས་ གནས་སྡུད་ལས་རིམ་སློབ་སྦྱོང་འབད་མ་ཚུགས་པ་ཅིན་ ཤེས་ཡོན་སྦྱང་ནིའི་ཚད་གཞི་དེ་ སོར་ནི་ཨིན་པས།

མཐོ་རིམ་སློབ་གྲྭའི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ གློག་རིག་སློབ་སྦྱོང་དེ་ རྒྱལ་པོའི་ཞིང་བརྡ་དོན་འཕྲུལ་རིག་མཐོ་རིམ་སློབ་གྲྭ་ནང་ སྤོ་བཤུད་འབད་ཞིནམ་ལས་ ཚན་རིག་སློབ་སྦྱོང་ལས་རིམ་དེ་ སྣ་ཁག་བཟོ་ནི་ནང་ གོ་སྐབས་ཐོབ་ཅི་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༩ ནང་ ཚན་རིག་སློབ་སྦྱོང་༢ དེ་ཅིག་ བཟོ་ཡི་ཟེར་ཨིན་པས།

མཐོ་རིམ་སློབ་གྲྭ་གིས་ ད་ལྟོ་ ལོ་༣ འབད་མི་ལས་རིམ་དང་ སློབ་སྦྱོང་ཚུ་ དུས་ཡུན་ལོ་༤ ནང་ ཡར་སེང་འབད་ནི་ཨིནམ་ད་ དེ་ཡང་ མཐོ་རིམ་ཤེས་ཚད་སྦྱངས་མི་ཚུ་ ལཱ་གཡོག་ནང་འཛུལ་བའི་སྐབས་ ཁྱད་རིག་དང་ལྡན་སྦེ་ བཟོ་ཐབས་ལུ་ཨིན་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀང་ལུང་།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *