ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ།

ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གིས་ ཆོས་ཚན་གཅིག་གི་ཐོག་ལུ་ ཤེས་ཡོན་སྦྱང་ནིའི་ གོ་སྐབས་སྤྲོད་ཡོདཔ།

༉ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གིས་ ཧེ་མ་ གཙུག་ལག་ཤེས་ཡོན་གྱི་ ཆོས་ཚན་གཉིས་ལྟབ་སྦེ་ ལྷབ་སྲོལ་ཡོད་མི་དེ་ དུས་ཅི་ སྤྱི་ཟླ་༨ པ་ལས་ ཆོས་ཚན་༡ རྐྱངམ་གཅིག་ལས་བརྒལ་ ལྷབ་མ་དགོཔ་ཨིན་པས།
དེ་ཡང་ ཆོས་ཚན་གཉིས་ལྟབ་སྦེ་ཡོད་མི་ཚུ་ རེ་རེ་སྦེ་བཟོ་མི་དེ་ཡང་ འཛམ་གླིང་རྒྱས་བཤད་དང་ དཔལ་འབྱོར་རིག་པ་ རྒྱལ་རབས་ བརྡ་བརྒྱུད་ དེ་ལས་ ཨིང་སྐད་ཚུ་ཨིན་པས།
མཐོ་རིམ་སློབ་གྲྭ་གིས་ ཆོས་ཚན་རེ་རེའི་ནང་ གཙུག་ལག་ཤེས་ཡོན་སྦྱང་ནིའི་ གོ་སྐབས་སྤྲོད་མི་༥ བརྩིས་ཏེ་ ཆོས་ཚན་༡༣ ཡོདཔ་ད་ ཆོས་ཚན་གཉིས་ལྟབ་ཀྱི་ གོ་སྐབས་སྤྲོད་མི་དེ་ རྫོང་ཁ་དང་ ཨིང་སྐད་ སྲིད་དོན་རིག་པ་ སྤྱི་སྙོམས་རིག་པ་གཉིས་རྐྱངམ་གཅིག་ཨིན་པས།
མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ ཧེ་མ་དང་མ་འདྲཝ་སྦེ་ ཕྱི་ནང་གཉིས་ཀྱི་ འབྲེལ་བའི་མཁས་མཆོག་ཚུ་དང་ གྲོས་བསྡུར་འབད་དེ་ ཆོས་ཚན་རེ་སྦེ་ ལྷབ་སྦྱང་འབད་ནིའི་ གོ་སྐབས་སྤྲོད་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཆོས་ཚན་གཉིས་ལྟབ་སྦེ་ ལྷབ་སྦྱང་འབདཝ་ད་ ཆོས་ཚན་གྱི་སྐོར་ལས་ གཏིང་ཟབ་སྦེ་མ་ཤེས་པའི་སྐྱོན་འདུག་ཟེར་ཨིནམ་ད་ ད་རེས་ ཆོས་ཚན་༥ རེ་སྦེ་ ལྷབ་ནིའི་གོ་སྐབས་བྱིན་མི་དེ་གིས་ རྒྱལ་སྤྱི་གནས་ཚད་ཀྱི་ དགོས་དོན་འགྲུབ་ནི་ལུ་ ཕན་ཐོགས་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༠༣ ལས་འགོ་བཙུགས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གིས་ མཐོ་རིམ་ཤེས་ཡོན་སྦྱང་ནིའི་ལས་རིམ་ ཁག་༢༨ དེ་ཅིག་བཟོ་ཡོདཔ་ད་ དེ་ཡང་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭ་ནང་ལྷབ་མི་ ཆོས་ཚན་ཡང་དག་པ་ཅིག་ཡོདཔ་ཨིན་པས།
ཆོས་ཚན་ནང་ གཏིང་ཟབ་སྦེ་ལྷབ་མི་ཚུ་ ཕྱིའི་རྒྱལ་ཁབ་ནང་ དཔེ་ཆ་བལྟ་ནིའི་གོ་སྐབས་དང་ ནང་འཁོད་ནང་ ལཱ་གཡོག་གི་གོ་སྐབས་ཡང་འདུག་ཟེར་ གཙོ་འཛིན་གྱིས་ བཤད་པའི་ཁར་ སློབ་ཕྲུག་མང་ཤོས་ཀྱིས་ ཆོས་ཚན་གཅིག་སྦེ་ གཙུག་ལག་ཤེས་ཡོན་སྦྱང་ནིའི་ གོ་སྐབས་ལེནམ་མས་ཟེར་ཨིན་པས།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ ཨང་རྩིས་ཀྱི་མཁས་དབང་ལས་རོགསཔ་ ར་ཇུ་ བ་ལ་མུ་རུ་གན་གྱིས་ སླབ་མིའི་ནང་ ལོ་༥ འི་རྒྱབ་ལས་ མཐོ་རིམ་སློབ་གྲྭའི་ ཆོས་ཚན་ལས་རིམ་གྱི་ བསྐྱར་ཞིབ་ལས་རིམ་སྐབས་ ཆོས་ཚན་རེ་རེ་སྦེ་ ལྷབ་སྦྱང་འབད་ནིའི་ གོ་སྐབས་སྤྲོད་དགོ་པའི་ གྲོས་བསྡུར་བྱུང་ཡི་ཟེར་ཨིནམ་ད་ ཆོས་ཚན་བསྐྱར་ཞིབ་དེ་ གཙུག་ལག་སློབ་སྡེའི་ ལམ་སྟོན་དང་འཁྲིལ་འབད་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མཐོ་རིམ་སློབ་གྲྭ་གིས་ མཁས་མཆོག་དང་འབྲེལ་བའི་ཁེ་གྱོང་ དེ་ལས་ མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་དང་ ལཱ་གཡོག་འབད་མི་ཚུ་དང་འབྲེལ་བ་འཐབ་སྟེ་ མཐོ་རིམ་སློབ་གྲྭ་གིས་ ཆོས་ཚན་རེ་རེ་སྦེ་ ལྷབ་སྦྱང་འབད་ནིའི་ གོ་སྐབས་བྱིན་ནི་ འགོ་བཙུགས་ཡི་ཟེར་ཨིན་པས།
མཁས་དབང་ལས་རོགསཔ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ སློབ་ཕྲུག་ཚུ་གིས་ ཆོས་ཚན་གཅིག་ནང་ ལེགས་ཤོམ་སྦེ་ སྦྱང་བརྩོན་འབད་ཚུགས་ཟེར་ཨིནམ་ད་ སྤྱིར་བཏང་ལཱ་གཡོག་ནང་ དོ་འགྲན་འབད་དགོཔ་འབྱུང་ནིའི་ཨིན་རུང་ ལཱ་གཡོག་གི་གོ་སྐབས་ མང་སུ་འཐོབ་འོང་ཟེར་ཨིན་པས།
རྫོང་ཁ་དང་ ཨིང་སྐད་ དེ་ལས་ སྲིད་དོན་རིག་པ་དང་སྤྱི་སྙོམས་རིག་པ་༢ པོ་དེ་ ཆོས་ཚན་༢ རང་འཇགས་སྦེ་བཞག་ཡི་ཟེར་ ཁོ་གིས་བཤད་པའི་ཁར་ དེ་ཡང་ རྒྱལ་ཁབ་ནང་འཁོད་དང་ ཕྱིའི་རྒྱལ་ཁབ་གཉིས་ཆ་རའི་ནང་ ལཱ་གཡོག་གི་གོ་སྐབས་དང་ མཁོ་འདོད་བསྐྱེད་མི་ མངམ་འདུག་ཟེར་ཨིན་པས།
མཐོ་རིམ་སློབ་གྲྭ་དང་འཁྲིལ་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེའི་ ཐུགས་དགོངས་གྲུབ་ཐབས་དང་ མཐར་འཁྱོལ་འགྱོ་མི་སློབ་ཕྲུག་ཚུ་གིས་ ལཱ་གཡོག་འཐོབ་ཚུགས་ཐབས་ལུ་ འཕྲོ་མཐུད་དེ་ར་ ལས་རིམ་གསརཔ་དང་ ལས་རིམ་སྣ་ཚོགས་བཟོ་འོང་ཟེར་ཨིན་པས།
ལོ་༥ འི་རྒྱབ་ལས་ ཆོས་ཚན་བསྐྱར་ཞིབ་འབད་མི་དེ་ཡང་ ཆོས་ཚན་དེ་ རྒྱལ་ཁབ་གོང་འཕེལ་འགྱོཝ་དང་བསྟུན་ ཆོས་ཚན་ནང་བཙུགས་ནི་དང་ མ་ཚུད་པར་ལུས་མི་ཚུ་བཙུགས་ནི་ རྒྱལ་ཁབ་ཀྱི་མི་སྟོབས་མཁོ་འདོད་དང་འཁྲིལ་ བསྒྱུར་བཅོས་འབད་ནིའི་དོན་ལུ་ བསྐྱར་ཞིབ་འབད་དོ་ཟེར་ཨིན་པས།
ཤེས་རྟོགས་བྱུང་མའི་ནང་ ད་རེས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ གཙུག་ལག་ཤེས་ཚད་ཀྱི་ཆོས་ཚན་ལས་རིམ་ རེ་རེ་སྦེ་༡༡ ཡོདཔ་ད་ ཆོས་ཚན་གཉིས་ལྟབ་སྦེ་༢ ཡོདཔ་ཨིན་པས།
ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་གིས་ མ་འོངས་པར་ ཨང་རྩིས་རིག་པ་དང་ གནས་སྡུད་རིག་པ་ ཚན་རིག་གི་གནས་སྡུད་ དེ་ལས་ འགུལ་བརྙན་དང་གློག་བརྙན་གྱི་ཤེས་ཚད་ཚུ་ བྱིན་ནིའི་འཆར་གཞི་ཡོདཔ་ད་ ད་ལྟོའི་ཆོས་ཚན་༥ པོ་དེ་ མཐོ་རིམ་སློབ་གྲྭའི་ ལས་བྱེདཔ་དང་ ཕྱིའི་མཁས་མཆོག་ཚུ་གིས་ བཟོ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀང་ལུང།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *