ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ ཆུ་འཐོན་ནི་མེད་པའི་ ཆུ་ཏོག་ཚུ།

ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ བཀང་ལུང་གི་ ས་གནས་དག་པ་ཅིག་ནང་ འཐུང་ཆུའི་དཀའ་ངལ།

༉ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ བཀང་ལུང་གི་ས་གནས་དག་པ་ཅིག་ནང་ འཐུང་ཆུ་མེད་པའི་དཀའ་ངལ་དང་ ཆུ་འོང་རུང་ འདམ་ཁོག་ཁོ་སྦེ་འོང་མི་དེ་ དཀའ་ངལ་གསརཔ་ཅིག་མེན་པས།
དེ་ཡང་ དཀའ་ངལ་ཐོན་ཏེ་ཟླ་༥ ལང་དོ་ཡོདཔ་ད་ ཆུ་མཛོད་ཁང་བཟོ་སྐྲུན་འབད་མི་ ཁག་འབགཔ་ལས་སྡེ་ཅིག་གིས་ ས་རག་རོ་ཚུ་ ཆུ་རྐ་ལུ་བླུགས་བཞག་ནི་དེ་གིས་ཨིན་པས།
ས་གནས་དེ་ཁར་ ཆརཔ་རྐྱབ་ད་ ཧེང་སྐལ་ར་ ཆུ་འདམ་ཁོག་ཁོ་སྦེ་འོང་དོ་ཡོདཔ་ད་ སློབ་ཕྲུག་དང་ ལས་བྱེདཔ་ དེ་ལས་ མཐོ་རིམ་སློབ་གྲྭའི་ས་ཁོངས་དང་ གྲོང་གསེབ་ནང་སྡོད་མི་ཚུ་ལུ་ དཀའ་ངལ་ཅོག་འཐདཔ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
མཐོ་རིམ་སློབ་གྲྭ་ནང་ འགོ་དང་པ་ཨིན་མི་ བཀྲིས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མཐོ་རིམ་སློབ་གྲྭ་ནང་ལྷོད་དེ་ ཉིནམ་དག་པ་ཅིག་གི་རྒྱབ་ལས་ ཆུ་མེད་པའི་དཀའ་ངལ་ཐོན་ཡི་ཟེར་ཨིནམ་ད་ འཐུང་ནིའི་དོན་ལུ་ ཚོང་ཁང་ལས་ ཆུ་ཉོ་སྟེ་འཐུང་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཆུ་མེདཔ་ད་ གཙང་སྦྲ་བཏོན་ནི་ལུ་ ལཱ་ཁག་འདུག་ཟེར་ཨིནམ་ད་ མཐའ་འཁོར་དང་ གསང་སྤྱོད་ཧིངས་སངས་ས་བཞག་ནིའི་དོན་ལུ་ ཆརཔ་རྐྱབ་ད་ ཆར་ཆུ་བསག་སྟེ་ ལག་ལེན་འཐབ་དོ་ཟེར་ཨིན་པས།
སློབ་ཕྲུག་བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ལོ་ངོ་དང་པའི་སློབ་ཕྲུག་ཚུ་ མང་ཤོས་ར་ ལྟོ་རང་གིས་འབད་དེ་བཟའ་དོ་ཡོདཔ་ལས་ ཆུ་མེདཔ་ད་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ ཆུ་ནམ་ཆདཔ་ཨིན་ན་དང་ ནམ་འོངམ་ཨིན་ན་ ཏན་ཏན་སྦེ་སླབ་མི་ཤེས་པས་ཟེར་ཨིན་པས།
ཉལ་ཁྱིམ་གྱི་མཐའ་འཁོར་ལས་ཐོན་མི་ ཨོམ་ཆུ་དེ་ཁར་ སློབ་ཕྲུག་ཚུ་གིས་ ག་ཐོབ་རྐྱབ་སྟེ་འོང་དོ་ཡོདཔ་ལས་ གྱལ་སྒྲིག་དགོཔ་ཡང་ཐོནམ་མས་ཟེར་ ཁོ་གིས་བཤད་པའི་ཁར་ འཕྲལ་འཕྲལ་སྐབས་ སློབ་ཁང་ནང་ཡང་ དུས་ཚོད་ཕྱིསཔ་མས་ཟེར་ཨིན་པས།
ཆུ་མེད་པའི་གདོང་ལེན་ལུ་བརྟེན་ ཐབ་ཚང་དང་ གསང་སྤྱོད་ཚུ་ ཧིང་སངས་སྦེ་བཞག་ནི་ལུ་ དཀའ་ངལ་ཡོདཔ་ལས་ དྲི་ངན་གྱིས་ འབད་མི་ཚུགས་པས་ཟེར་ ལོ་ངོ་༣ པའི་ སློབ་ཕྲུག་ཡེ་ཤེས་རྡོ་རྗེ་གིས་ བཤད་པའི་ཁར་ ཆརཔ་རྐྱབ་ད་ གསར་སྤྱོད་ཚུ་ འདམ་ཆུ་གིས་ གངམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཆུ་འདམ་ཁོག་ཁོ་འོང་སྟེ་ ཉིནམ་༦ ལྷགཔ་ཅིག་ སོང་ཡི་ཟེར་ཨིནམ་ད་ འདམ་ཆུ་ལས་བརྟེན་གོ་ལ་འཁྱུ་ནི་དང་ གཟུགས་ཆུ་འཁྱུ་ནི་ལུ་ གདོང་ལེན་འདུག་ཟེར་ཨིན་པས།
སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ བུཚ་གི་ཉལ་ཁང་སྦོ་ལོགས་ཁར་ལས་ ཆུ་ཅིག་ཡོད་ནི་དེ་གིས་ བསྐལ་བ་བཟང་ནུག་ཟེར་ཨིན་པས།
དཀའ་ངལ་དེ་ གསརཔ་ཅིག་མེནམ་ལས་ སློབ་ཕྲུག་དང་ལེགས་སྦྱར་བ་ དེ་ལས་ ལས་བྱེདཔ་དང་ ས་གནས་ནང་སྡོད་མི་ཚུ་ བསིལ་ཆུ་ཉོ་སྟེ་འཐུང་དོ་ཡོདཔ་ད་ ལ་ལོ་ཅིག་ འདམ་ཆུ་བསྐོལ་ཏེ་ འཐུང་དོ་ཡོདཔ་ཨིན་པས།
སློབ་ཕྲུག་ཚེ་རིང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ལྟོ་འབད་བཟའ་ནིའི་དོན་ལུ་ ཆུ་དབོགས་པར་ ཉེ་འདབས་ཀྱི་གཡུས་ཚན་ནང་འགྱོ་དགོ་ཟེར་ཨིནམ་ད་ འཕྲལ་འཕྲལ་ར་ ཁ་བཏང་ནི་འདུག་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ ཆོས་རྒྱུགས་རྐྱབ་རནམ་དང་བསྟུན་ ཆུའི་དཀའ་ངལ་ཐོནམ་ད་ དཔེ་ཆ་ལྷབ་ནིའི་ དུས་ཚོད་མི་ཐོབ་པས་ཟེར་ཨིནམ་ད་ སློབ་དུས་ཚར་རེ་འགོ་བཙུགསཔ་ད་ དཀའ་ངལ་དེ་སྦེ་ར་ འོངམ་མས་ཟེར་ཨིན་པས།
སློབ་ཕྲུག་བསོད་ནམས་ཆོས་སྒྲོན་གྱིས་འབད་བ་ཅིན་ བུམོ་ཚུ་འབད་བ་ཅིན་ ཧིང་སངས་ས་སྦེ་ སྡོད་དགོ་མི་ཅིག་འབདཝ་ལས་ ཧིང་སངས་ས་སྡོད་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིནམ་ད་ དྲོ་པ་ཕྱི་རུ་ཨ་རྟག་ར་ ཆུ་དབོག་པར་འགྱོ་དགོཔ་ཐོནམ་མས་ཟེར་ཨིན་པས།
འཕྲལ་འཕྲལ་ར་ བཀང་ལུང་དང་ བཀྲིས་སྒང་གི་བར་ན་ གཞུང་ལམ་བསུབས་ད་ ཁྲོམ་ཁར་ལས་ བསིལ་ཆུ་ཡང་ མི་ཐོབ་པས་ཟེར་ སློབ་ཕྲུག་བསོད་ནམས་རྡོ་རྗེ་གིས་ བཤད་པའི་ཁར་ འགོ་དང་པ་ མཐོ་རིམ་སློབ་གྲྭ་ནང་འོངམ་ད་ དེ་བཟུམ་མའི་དཀའ་ངལ་འོང་ཟེར་བའི་ མནོ་བསམ་ར་མ་བཏང་ཟེར་ཨིནམ་ད་ ཆུ་མེདཔ་ད་ ག་ནི་ཡང་ འབད་མི་ཤེས་པས་ཟེར་ཨིན་པས།
སློབ་ཕྲུག་ཅིག་གིས་ སླབ་མིའི་ནང་ ཆུའི་དཀའ་ངལ་བསལ་དགོ་པའི་སྐོར་ལས་ བདག་སྐྱོང་ལུ་སྙན་ཞུ་འབད་རུང་ ག་ནི་ཡང་འབད་ནི་མིན་འདུག་ཟེར་ཨིནམ་ད་ ཆུའི་དཀའ་ངལ་དེ་ ངེས་པར་དུ་ སེལ་ཐབས་འབད་དགོཔ་འདུག་ཟེར་ཨིན་པས།
ཨིན་རུང་ མཐོ་རིམ་སློབ་གྲྭའི་གཙོ་འཛིན་ ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ བདག་སྐྱོང་གི་ཁ་ཐུག་ལས་ ལཱ་མི་འབད་བས་ཟེར་མི་དེ་ མི་བདེན་ཟེར་ཨིནམ་ད་ ཆུ་འདམ་ཁོག་ཁོ་དེ་ ཆུའི་རྐ་ལས་ར་ འོང་དོ་ཡོདཔ་ལས་ དཀའ་ངལ་དེ་ ཞག་དག་པ་ཅིག་ནང་ བསལ་ནིའི་ལམ་ལུགས་ཅིག་མིན་འདུག་ཟེར་ ཨིན་པས།
ཁོ་གིས་ སླབ་མའི་ནང་ སྤྱི་ཟླ་༧ པའི་ཚེས་༡༡ དང་༡༤ ལུ་ ཆརཔ་མ་ཆད་པར་རྐྱབ་ནི་དེ་གིས་ ཆུ་རྐ་གཅིག་ འཕྱགས་བདའ་ནུག་ཟེར་ཨིནམ་ད་ ཆུ་འདམ་ཁོག་ཁོ་འོང་ནི་ལས་ བཀག་ཐབས་ལུ་ བདག་སྐྱོང་གིས་ ཆུ་དུང་མི་ཊར་༧༠༠འབད་མི་ཅིག་ཉོ་སྟེ་ ཁག་འབགཔ་གིས་ ས་རག་རོ་བླུགས་བཞག་ས་ལས་ མཐུད་སྦྲེལ་འབད་དེ་ ལཱ་འབད་ཚར་ཡི་ཟེར་ཨིན་པས།
མཐོ་རིམ་སློབ་གྲྭ་ལུ་ ཆུ་རྐ་༢ ཡོད་ས་ལས་ གཅིག་ རོང་ཐུང་གཡུས་ཚན་གྱི་ལྟག་ལས་ མཐུད་ཡོདཔ་ལས་ ཆརཔ་ཤུགས་སྦེ་རྐྱབ་ད་ གཙང་ཆུ་དེ་ར་ ཆུ་འདམ་ཁོག་ཁོ་ལུ་ འགྱུར་ནི་འདུག་ཟེར་ཨིནམ་ད་ གནམ་བྱཱར་ལུ་ བདུན་ཕྲག་༣ དང་༤ གི་བར་ན་ ཆུ་འདམ་ཁོག་ཁོ་སྦེ་ར་ སྡོད་ནི་ཡོད་ཟེར་ཨིན་པས།
ཤེས་རྟོགས་བྱུང་མའི་ནང་ ས་གནས་དེ་ཁར་ ཆུ་འདམ་ཁོག་ཁོ་དེ་ ལོ་འགོ་བཙུགས་ཁམས་ལས་ འོང་ནི་འགོ་བཙུགས་ཡོདཔ་ད་ དེ་ཡང་ བཀང་ལུང་ལུང་ཕྱོགས་ནང་ ཆུའི་བཀའ་ངལ་སེལ་ཐབས་ལུ་ འཐུང་ཆུའི་ལས་འགུལ་གྱི་ལཱ་ ཁག་འབགཔ་ལུ་སྤྲོད་པའི་མཐའ་མར་ ས་ག་ལྷོད་བླུགས་བཞག་པའི་མཐའ་མར་ དཀའ་ངལ་སྐྱོ་དྲགས་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
འཆར་གཞི་༡༢ པའི་ནང་ འཐུང་ཆུ་མཐུད་སྦྲེལ་དང་ དཀའ་ངལ་སེལ་ཐབས་ལུ་ དངུལ་ཀྲམ་ས་ཡ་༥༣ ལྷོད་དེ་ཡོད་པའི་ཁར་ བདག་སྐྱོང་གིས་ མགྱོགས་པ་ར་ ལཱ་ཚུ་ ཁག་འབགཔ་ལུ་སྤྲོད་འོང་ཟེར་ཨིནམ་ད་ དེ་གིས་ དཀའ་ངལ་བསལ་ཚུགས་པའི་རེ་བ་ཡོད་ཟེར་ མཐོ་རིམ་གཙོ་འཛིན་གྱིས་ བཤད་ཡོད་པའི་གནས་ཚུལ།

བཀང་ལུང་།གནས་བརྟན་རྡོ་རྗེ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *